[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཏིང་ཡེ་ཤན།
  • ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-11

    ཚེས་8ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ཏེ། བརྙན་ལམ་བརྒྱུད་གྲོང་ཁྱེར་དང་ས་ཁུལ་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྡོད་བྱའི་སྣེ་ཁྲིད་གནས་ཚུལ་དང་འབྲེལ་ཡོད་གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ཀྱི་གངས་སྐྱོན་སྔོན་འགོག་དང་དེར་ཁ་གཏད་གཅོག་པའི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་གནང་བ་དང་། འཐབ་ས་དང་པོའི་སྡོད་བྱའི་སྣེ་ཁྲིད་དང་ལས་སྒྲུབ་ལས་གྲབས་ཀྱི་ལས་དོན་མི་སྣར་གཟིགས་པ། ཚང་མར་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སླར་ཡང་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་རྫོང་དང་ཆུས་ཀྱི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རྒྱ་ཆེའི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་ལས་དོན་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ། རང་ཉིད་ཀྱི་དཀའ་སྤྱད་སྙིང་རུས་ལ་བརྟེན་པ་བཅས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་བདེ་འཇགས་སྔར་བས་ཡོང་ཐབས་བྱས་ཡོད། ལྷག་པར་དུ་ཉེ་ཆར་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་ཁག་གཅིག་ལ་གངས་ཆེན་པོ་བབས་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒུག་པ་དང་བརྟེན་ནས་མ་བསྡད་པར་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་ལེན་བསྟར་བ། འཕྲལ་དུ་ཉེན་སེལ་གེགས་སེལ་བྱེད་པ་བཅས་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་གསུངས།

    ཏིང་ཡེ་ཤན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་ལ་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ་དང་།

    བརྟན་ལྷིང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་མི་ལྷག་པ་མཐའ་ཚད་དང་མཐའ་མའི་དམིགས་ཚད་དུ་འཛིན་པ། ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འགོག་མཉམ་འགུལ་མཉམ་འཛིན་གསུམ་གྱི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། “ཆེད་དོན་འཐབ་རྩོད་གསུམ”ཟབ་ཏུ་གཏོང་བ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། ཁྲིམས་དང་མི་མཐུན་པའི་སྒྲིག་འཛུགས་དང“མགོ་གཉིས་མ”རྩད་གཅོད་མཐའ་གསལ་དང་འབྲེལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་དང་གཏོར་བཤིག་གཏོང་མཁན་སྣ་ཚོགས་ལྗོངས་ནང་ཁུལ་དུ་རྟེན་ས་གབ་ས་མེད་པ་བཟོ་དགོས་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་འཕྲལ་སྡོམ་ཐག་གཅོད་དང་གྲ་སྒྲིག་ལས་དོན་ནུས་ལྡན་སྤེལ་བའི་འགན་ལེན་བྱེད་དགོས་པ། གཙོ་གནད་ས་ཁུལ་དང་། གཙོ་གནད་གནས་ས། “མཐའ་མཚམས་གཉིས་དང་ལམ་རྒྱུད་གཅིག”བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་བདེ་འཇགས་དོ་དམ་སོགས་ཀྱི་བྱེདཐབས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཆད་ལུས་མེད་པ་དང་གསང་མ་ལུས་པའི་སྒོ་ནས་ཡག་པོ་སྒྲུབ་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ཆོས་ཉིད་ཁོང་དུ་བརྟན་པོ་ཆུད་པ་དང་། བདེ་སྡོད་ཉེན་བསམ་དང་དོགས་ཟོན་ཆེར་སྐྱེད། དོན་དངོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་ཐག་གཅོད་དང་ལེགས་སྒྲིག་བཅས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་འགོ་འཛུགས་སར་བྱེད་པ། ཉེ་དུས་བྱུང་བའི་གངས་སྐྱོན་གྱི་གནས་ཚུལ་ཤེས་རྟོགས་གང་ལེགས་བྱེད་པ། ལྡིར་སོ་ཞིབ་ནན་དང་། སྒྲིག་འཛུགས་ནན་ཏན། ཁ་གཏད་ཏན་ཏིག་གཅོག་པ། འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ནུས་ལྡན་ངང་སྤེལ་བ། གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།