[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་པེ་ཅིང་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། 《ཏོག་གསར་གློ་ཚད་རིམས་ནད་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རྒྱས་གནས་ཚུལ་ཉན་པ་དང་འབྲེལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་སྔར་བས་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་བསྟན་ཁོ་དང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་པེ་ཅིང་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཁྲིམས་སྐྱོང་གི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཀྱི་ཐད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་རབ་དང་རིམ་པ་གནང་བ།

    རིམས་ནད་ཁྱབ་ཚུལ་མཐའ་གཅིག་ཏུ་འགོག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་གནང་བ་བཅས་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་མངོན་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ནས། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁྲིམས་བཞིན་ལེགས་པར་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་སའང་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཉེ་དུས་བློ་མཐུན་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་ཚོད་འཛིན་ལམ་སྲོལ་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་སྤྱིར་ན་བརྟན་པོ་ཡོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་ཚོད་འཛིན་ལས་དོན་མཛུབ་ཁྲིད་ཚོགས་ཆུང་གི་ཁས་ལེན་གང་ལེགས་ཐོབ་ཡོད། མིག་སྔར་བོད་དུ་ལོག་མཁན་མང་བའི་དུས་དང་ཏག་ཏག་འཁེལ་བ་མ་ཟད། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། མི་སྣ་འགྲོ་སྐྱོད་ཆེ་བ་དང་། རིམས་ནད་ཁྱབ་པའི་ཉེན་ཁ་ཆེ་བ་དང་སྔོན་འགོག་ཚོད་འཛིན་བྱེད་དཀའ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ་བཅས་ཡོད་པས། ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་། བསམ་བློ་གཅིག་གྱུར་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་འགག་རྩའི་དུས་སྐབས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲིམས་སྐྱོང་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་འདི་ལོའི་ལས་དོན་གྱི་གཙོ་གནད་ལ་བརྩི་བ་དང་། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ནང་དོན་གལ་ཆེན་ལ་བརྩིས་ནས། དངོས་ཟོག་འགན་ལེན་དང་། མི་སྣ་ལོགས་སུ་འཇོག་པ། མང་ཚོགས་ཀྱི་དགོས་མཁོ་སྐོང་བ་བཅས་སྔར་བས་ཚད་ལྡན་དུ་གཏོང་བ་དང་། དགོན་སྡེའི་དཀའ་ངལ་སེལ་བ། བོད་ཀྱི་ལོ་གསར་དགའ་གཏོང་སོགས་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱེད་པ་དང་། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་ཐབས་ཤེས་ལ་བརྟེན་ནས་ལས་དོན་སྤེལ་རིང་གི་གནད་དོན་ཁག་ཐག་གཅོད་བྱེད་པ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་བ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁྲིམས་བཞིན་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་ནས་སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་ཞན་ཆ་སེལ་བ་དང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྲོལ་ཡིག་ལག་ལེན་བསྟར་བའི་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། གཉིས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་ཚད་གཞི་སྟངས་འཛིན་ཡག་པོ་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་བྱ་ཐབས་ཁྲིམས་བཞིན་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལེན་མི་བྱེད་པ་དང་། གཏུམ་སྤྱོད་ལ་བརྟེན་ནས་སྨན་པར་རྨས་སྐྱོན་གཏོང་བ། རྫུན་བཟོ་རྫུན་ཚོང་བྱེད་པ། དཀྲོག་གཏམ་བཟོ་བ་དང་སྤེལ་བ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས། གསུམ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཆེད་དོན་བྱ་སྤྱོད་སྤེལ་བ། འགོ་ནད་འགོག་བཅོས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་དྲིལ་བསྒྲགས་བྱེད་པ། མང་ཚོགས་ལ་གཙང་སྦྲའི་གོམས་གཤིས་བཟང་པོ་འཇགས་པ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྲིད་སྟོན། མི་རིགས་ཁག་གི་མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱུན་གཏན་གྱི་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་གཅོག་པའི་འགན་ལེན་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་ཟླ་2ཚེས་3ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་གཞིར་བཟུང་། “ཕྱོགས་གཉིས་ཀར་དམ་འཛིན་བྱེད་རྒྱུ”མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་འགན་ལེན་བྱེད་དགོས། གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གཉིས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་དགོས། གསུམ་ནས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས། བཞི་ནས་སྒྲིག་འཛུགས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་དགོས། ལྔ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས། དྲུག་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་དགོས། བདུན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། བརྒྱད་ནས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཡག་པོ་སྒྲུབ་དགོས། དགུ་ནས་ནད་ཡམས་ཚོད་འཛིན་གྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།

    ཝུའུ་དབྱིང་ཅེས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྐྲུན་པ་དང་། གཙོ་གནད་གཤམ་སྒྱུར་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། གྲོང་ཚོ་གྲོང་ལྷན་དང་། སྡེ་ཁུལ། ལས་ཁུངས་ཚན་པའི་འཚོ་བའི་ཁུལ་བཅས་ཀྱི་འགོག་རྒོལ་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཕྱི་ནས་འགོ་རྒྱུ་དང་ནང་དུ་ཁྱབ་རྒྱུ་གཏན་འགོག་ནན་པོ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁར་རྫོང་བརྟན་པོ་བསྐྲུན་དགོས། བོད་ཀྱི་ལོ་གསར་སྐབས་མང་ཚོགས་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་ཡུལ་སྲོལ་གོམས་གཤིས་ལ་དམིགས་ནས། མང་ཚོགས་ལ་ལོ་གསར་གཏོང་སྟངས་འགྱུར་ལྡོག་བཏང་ནས་གཞན་གྱི་ཁྱིམ་དུ་མགྲོན་པོར་མི་སྐྱོད་པ་དང་། འདུ་འཛོམས་མི་བྱེད་པ། ཁ་ལག་མཉམ་དུ་མི་ཟ་བ། ཁྱིམ་དུ་ལོ་གསར་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ལས་ཁུངས་ཀྱི་ལས་བྱེད་པས་གཏོགས་ཁོངས་ས་ཆའི་དོ་དམ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་སྦྲགས། ཚ་བ་ལྟ་བ་སོགས་ཀྱི་ལས་ཀ་རང་འགུལ་ངང་དང་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཕྱི་ནས་ཡོང་བའི་མི་སྣར་ཕྱོགས་རིས་མེད་པ་དང་ལྟ་སྟངས་གཅིག་མཚུངས་བཟུང་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གི་མཉམ་དུ་སྔོན་འགོག་ཚོད་འཛིན་དང་དམངས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་ཕན་འབྲས་དྲིལ་བསྒྲགས་འཕྲིན་སྤེལ་གང་ལེགས་བྱེད་པ། འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། གཞི་རིམ་ལས་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་བཅས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་ཚོད་བརྟན་པོ་དང་ཕྱར་བ་གྲུ་འདེགས་ཀྱི་བློ་སྟོབས་བརྟན་པོ་མངོན་པར་བྱེད་པ། དམངས་སེམས་གཅིག་མཐུན་དང་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་གཏོད་པ། མང་ཚོགས་ཚོར་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་མཉམ་དུ་དཀའ་ངལ་ཁྱད་བསད་དང་རིམས་ནད་ལས་རྣམ་པར་རྒྱལ་བའི་སྤྱི་ཚོགས་ཡོངས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་དང་མཐའ་ཚད་ཀྱི་བསམ་གཞིར་ཤུགས་སྣོན་རྒྱག་པ་དང་། མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ཏེ་ལས་དོན་སྤེལ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། གནད་དོན་ཆེན་པོ་མི་ཐོན་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ། གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་སྔར་བས་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་ལས་ཀའི་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཀོད་འདོམས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་འཐབ་ས་དང་པོར་བཀོད་འདོམས་དང་འཐབ་རྩོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནུས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ཁག་དང་ལྷུ་ཚིགས་ཁག་དམིགས་སར་འབྱོར་བ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གཙོ་རྐང་གི་ནུས་པ་འདོན་སྤེལ་བྱས་ཏེ་ངེས་གནད་གནད་འཁེལ་འཚོལ་བ་དང་འགན་འཁྲི་ཁུར་ནས་མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་མཚོན་ཚུལ་གལ་ཆེན་ལ་བརྩི་དགོས། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་ཡོད་ཀྱི་མ་དངུལ་དགོས་མཁོ་ཆེ་སར་སྤྱོད་དགོས། འཐབ་ས་དང་པོའི་ལས་དོན་མི་སྣར་སེམས་ཁུར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་བེད་སྤྱོད་བྱས་ནས་སྟོན་ཕྱོགས་སྔར་བས་ཆགས་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་གི་དོན་དག་ཡག་པོ་བསྒྲུབས་ནས་ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་ཚོད་འཛིན་ལམ་སྲོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།