[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཚོགས་འདུའི་ཐོག

    བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཐའ་གཅིག་ཏུ་བསྲུངས་ནས་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་པའི་ནན་བཤད་གནང་བ།

    ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཉེ་ཆར། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག དུས་མཚམས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། དབང་ཧའེ་ཅང་བཅས་དང་། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོ་ཝུན་ཧའོ་དང་། ལིའུ་ཅང་། ལི་ཧྲི་ཀྲུང་། ལི་ཀོང་ཆོན་བཅས། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་མཱ་ཧྲེང་ཁྲང་དང་། ཞུས་ཁྲེང་ཚང་། ཀྲང་ཡན་ཆིང་། ཀྲང་ཧུང་པོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་མཐའ་སྲུང་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ལྷན་གྱི་ཚབ་ཞུས་ཏེ་རྒྱ་ཆེའི་དཔོན་དམག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཐབས་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་སྤྱི་ཡོངས་གཉིས་སེམས་ལ་འཆང་བ། མཐའ་མཚམས་ལ་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་གནས་ཚད་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་མཐའ་གཅིག་ཏུ་བསྲུངས་ནས་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝུའུ་དབྱིང་ཅེས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། ང་ཚོས་རང་ལྗོངས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་འགྱུར་ལྡོག་བྱུང་ཡོད་མེད་ལ་གཞིགས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་འདི་སྟངས་འཛིན་ནན་པོ་བྱེད་པ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་མགྱོགས་སུ་གཏོང་བ། མཐའ་དར་དམངས་ཕྱུག་གི་ཐོན་ལས་སྟོབས་ཆེར་གཏོང་བ། དམག་ཉེན་དམངས་གསུམ་གྱིས་མཉམ་འབྲེལ་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐའ་མཚམས་སྲ་བརྟན་དང་། འཕེལ་རྒྱས། བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གི་འགོ་ཁྲིད་མཐའ་སྲུང་ལས་དོན་གྱི་ཕྱོགས་གང་སར་ལག་བསྟར་བྱས་ནས་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། ལེགས་ཆ་བསྡུ་སྒྲིལ་བྱེད་པ། རང་རང་སོ་སོའི་འགན་འཁྲི་འཁུར་བ། སྤྱི་ཡོངས་མཉམ་འགུལ་བྱེད་པ་བཅས་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་ཐུབ་པ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།