[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    རང་སྐྱོང་ལྗོངས་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་29ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ཞིང་འབྲོག་པའི་ཁ་གསབ་བྱ་དགའི་སྲིད་ཇུས(རྩྭ་ཐང་གི་ཁ་གསབ་བྱ་དགའ)ཀྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད། 

    ཚོགས་འདུའི་ཐོག་བསྟན་དོན། ཞིང་འབྲོག་པའི་ཁ་གསབ་བྱ་དགའི་སྲིད་ཇུས་ནི་ཏང་ཀྲུང་དབྱང་གིས་འབྲོག་ཁུལ་གྱི་དཔལ་འབྱོར་དང་ སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་རེད་ལ། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་གྱི་རྩྭ་ཐང་འབྲོག་ཁུལ་དུ་ལག་ལེན་བསྟར་བའི་མ་དངུལ་གཏོང་མང་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། འབྲོག་པར་ཁེ་ཕན་ཐོབ་མང་ཤོས་བཅས་ཀྱི་དམངས་ཕན་སྲིད་ཇུས་ཤིག་ཀྱང་རེད། རང་ལྗོངས་ནི་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་གྱི་ས་ཁོངས་གཙོ་བོའི་གྲས་ཤིག་ཡིན་པས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ནི་ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད་ལ། ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ལས་དོན་དེ་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་ཡོངས། མཐའ་མཚམས་བརྟན་ལྷིང་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་དང་ཡང་འབྲེལ་བ་ཡོད། 

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2011ལོ་ཚུན་དུ་ཀྲུང་དབྱང་གིས་བོད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལ་མ་དངུལ་འབོར་ཆེན་བཏང་སྟེ་ཞིང་འབྲོག་པ་དུད་ཚང་ཁྲི་50.9དང་མི་ཁྲི་256.2ལ་ཕན་པ་ཐོབ་པ་མ་ཟད་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས། “བཅའ་ཁྲིམས་ཀྱིས་དབང་ཆ་སྤྲད་མེད་ཚེ་གང་བྱུང་བྱེད་མི་རུང་བ་དང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་ཡག་པོ་སྒྲུབ་དགོས”འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་བ། སྤུས་ལེགས་ཞབས་ཞུ་མཁོ་འདོན་བཅས་བྱས་ཏེ་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་གྱི་ལས་འགན་ཁ་གསལ་དང་འགན་འཁྲི་ཁ་གསལ་ཡོང་བའི་འགན་ལེན་བྱེད་དགོས། མཉམ་འགུལ་རོགས་རེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལས་བགོས་འགན་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པ། ཕྱོགས་གཅིག་ལ་ཤུགས་བརྒྱབ་ནས་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ལས་དོན་ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་རྩྭ་ཐང་སྲུང་སྐྱོང་དོ་དམ་གྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པའི་འགན་ལེན་བྱེད་དགོས། གོང་འོག་འབྲེལ་མཐུད་ལ་སྣང་ཆེན་བྱས་ནས་སྲིད་ཇུས་དོན་འཁྱོལ་གྱི་མཐུན་སྦྱོར་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན། གོ་ཆོད་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཡུལ་བབ་དང་བསྟུན་པ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས་རྩྭ་ཐང་བྱ་དགའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཏན་ཏིག་བསྟར་ནས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲད་དེ་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་། རྩྭ་ཐང་སྲུང་སྐྱོང་བྱེད་མཁན་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།