[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ​ “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་མ་ལག་བཏོད་དེ་མགྱོགས་མྱུར་ཡུལ་སྐོར་འཕེལ་རྒྱས་སྟོབས་ཆེན་ཁུལ་དུ་འགྱུར་བར་བྱེད་པ།

    བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།

    ཝུའུ་དབྱིང་ཅེས་ཡིག་ཐོག་ཤིས་ཚིག་གསུངས་པ་དང་ཆེ་དགྲ་ལྷ་དང་ཝང་ཞུས་ཏུང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-17

    ཟླ་10ཚེས་15ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ལྷ་སར་འཚོགས་ཏེ། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཡིག་ཐོག་ཤིས་ཚིག་གསུངས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའི་ཁོངས་མི་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་གི་ཡོན་ཀྲང་ཝང་ཞུས་ཏུང་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝུའུ་དབྱིང་ཅེས་ཡིག་ཐོག་ཤིས་ཚིག་གསུང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཚོགས་འདུར་ཕེབས་པའི་སྐུ་མགྲོན་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཡུན་རིང་དམིགས་བསལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་རིག་གནས་དང་ཡུལ་སྐོར་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་མཁན་རྒྱ་ཆེའི་ཡུལ་སྐོར་ལས་དོན་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    ཝུའུ་དབྱིང་ཅེས་བསྟན་དོན། དེང་སྐབས་རང་ལྗོངས་ཀྱི་འཕེལ་རྒྱས་དེ་འཕེལ་རྒྱས་མྱུར་པོ་ནས་འཕེལ་རྒྱས་འབྲིང་སྟོད་བར་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་མ་འཇོག་གིས་སྐུལ་ཁྲིད་གཙོ་བོ་བྱེད་པ་ནས་མ་འཇོག་གི་སྐུལ་ཁྲིད་དང་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པའི་བར་ཕྱོགས་སྒྱུར་བྱེད་པའི་དུས་སྐབས་སུ་སླེབས་ཡོད། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ནི་དཔལ་འབྱོར་ལས་དོན་དང་དམངས་འཚོའི་ལས་དོན་ཡིན་ལ་ཆབ་སྲིད་ཀྱི་ལས་དོན་ཡང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཡུལ་སྐོར་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་ལ་དམ་འཛིན་བྱེད་པ་དང་། ཡུལ་སྐོར་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། ཡུལ་སྐོར་ལ་དམ་འཛིན་བྱེད་པ་ནི་སྒོ་དབྱེར་དམ་འཛིན་བྱེད་པ། ཡུལ་སྐོར་ལ་དམ་འཛིན་བྱེད་པ་ནི་སྤྱི་ཚོགས་བརྟན་ལྷིང་ལ་དམ་འཛིན་བྱེད་པ། ཡུལ་སྐོར་ལ་དམ་འཛིན་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ལ་དམ་འཛིན་བྱེད་པ་བཅས་ཡིན་པའི་བསམ་བློའི་འདུ་ཤེས་དངོས་བཙུགས་ཏེ། བསམ་བློའི་ངོས་འཛིན་ལ་བརྟེན་ནས་འཕེལ་རྒྱས་ལ་འཕུར་མཆོང་ཡོང་ཐབས་བྱེད་པ་དང་། འདུ་ཤེས་དང་སྲིད་ཇུས་ཀྱི་ཚད་བརྒལ་ལ་བརྟེན་ནས་ལས་དོན་དངོས་ལ་ཚད་བརྒལ་ཡོང་ཐབས་བྱེད་པ། ལས་ཀའི་བསམ་ཕྱོགས་གསར་གཏོད་ལ་བརྟེན་ནས་ལས་ཀའི་རྣམ་པ་གསར་གཏོད་ཡོང་བ་བཅས་བྱས་ཏེ། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ཐོག འཛམ་གླིང་ས་ཆ་ཁག་གི་ཡུལ་སྐོར་བ་བོད་དུ་ཡོང་ནས་ངོ་མཚར་ཡུལ་ལྗོངས་ལ་བལྟ་བ་དང་། རིག་གནས་སྦྱོང་བ། གཟུགས་གཞིར་ཉམས་ཞིབ་བྱེད་པ། ཞིམ་ཟས་ཟ་བ། ཆུ་བཟང་འཐུང་བ། གྲོགས་པོ་སྒྲིག་པ། ཚོང་ལས་ཀྱི་གོ་སྐབས་འཚོལ་བ་བཅས་བྱ་ཆེད་ཆ་རྐྱེན་དེ་བས་ལེགས་པ་བསྐྲུན་པ་དང་ཞབས་ཞུ་དེ་བས་སྤུས་ལེགས་སྒྲུབ་དགོས།

    ཆེ་དགྲ་ལྷས་གསུང་བཤད་གནང་སྐབས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གནས་པའི་ཞན་ཆ་དང་མི་འདང་སར་དབྱེ་ཞིབ་གཏིང་ཟབ་གནང་བ་རེད། ཁོང་གིས“སའི་གོ་ལའི་སྣེ་གསུམ་པ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གནང་བའི་རྩེར་སོན་མིང་བྱང་ཞིག་ཡིན་པ་དེ་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་གང་ལེགས་མཚོན་ཡོད་པས། ང་ཚོས“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ་ས་ཁོངས་ཧྲིལ་པོ་ཅན་གཏོད་པ་དང་། དུས་ཚོད་དང་མཚམས་ཚིགས་ཧྲིལ་པོར་ཉམས་ལེན་བྱེད་པ། སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུ་བ། དཔེ་དབྱིབས་ཧྲིལ་པོ་འཕེལ་རྒྱས་གཏོང་བ་བཅས་བྱས་ཐོག རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་བསྟན་གནང་བ་རེད།

    ཆེ་དགྲ་ལྷས་ནན་བཤད་གནང་དོན། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་ཁྱད་ལྡན་རྩེར་སོན་སྤུས་རྟགས་སྟོན་ཕྱོགས་སུ་བྱེད་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་དང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ལས་རྣམ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་མང་དུ་ཧུར་ཐག་གཏོང་བ། ལྗང་མདོག་རིག་ལྡན་ཡུལ་སྐོར་དང་དེང་རབས་ཡུལ་སྐོར་ཐོན་ལས་མ་ལག་སྐྲུན་པ། དམངས་ཕྱུག་བོད་དར་ལ་ཞབས་འདེགས་ཞུ་བ། སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཡག་པོ་བྱེད་དགོས།

    ཝང་ཞུས་ཏུང་གིས་གསུང་བཤད་གནང་སྐབས་བོད་དུ་མི་ཆོས་རིག་གནས་དང་རང་བྱུང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་ཡུལ་སྐོར་གྱི་མདུན་ལམ་ཤིན་ཏུ་ཡངས་ལ་འབྱུང་འགྱུར་གྱི་འཕེལ་རྒྱས་བར་མཐོངས་ཧ་ཅང་ཆེན་པོ་ཡོད། རེ་བར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ“སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་གསར་སྤེལ་དང་གསར་སྤེལ་བྱེད་པའི་རྨང་གཞིའི་ཐོག་སྲུང་སྐྱོང”མཐའ་འཁྱོངས་ཀྱིས་འཆར་འགོད་ལ་ཁྲིད་སྟོན་དང་བར་མཐོངས་ཀྱི་བཀོད་པར་དམ་འཛིན་ཡག་པོ་བྱས་ཏེ་རང་བྱུང་སྣོད་བཅུད་ཀྱི་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་ཡག་པོ་བྱས་ཏེ་ལྗང་མདོག་སྣོད་བཅུད་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་ཞེས་བསྟན་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅུས་ཅན་ཧྭ་དང་། རྡོ་རྗེ་ཚེ་སྒྲུབ། ཧྲི་མོའུ་ཅུན། ཀྲང་ཧུང་པོ། བློ་བཟང་འགྱུར་མེད་བཅས་ཚོགས་འདུར་ཕེབས་ཤིང་། ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་ཡུལ་སྐོར་ཁག་བགོས་དོ་དམ་གྱི་འགན་འཁུར་བློ་མཐུན་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཡུལ་སྐོར་འཕེལ་རྒྱས་ཅུས(རིག་གནས་ཡུལ་སྐོར་ཅུས)ཀྱི་འགན་འཁུར་བློ་མཐུན། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་གཙོ་བོའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།