[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་སྦྲགས་འཐབ་ས་དང་པོའི་ངལ་རྩོལ་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    རྒྱལ་ཡོངས་སུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། རང་ལྗོངས་ཀྱི་ངལ་རྩོལ་པ་དཀྱུས་མ་མང་པོ་ཞིག་སྔར་རྒྱུན་བཞིན་སྤྱིར་བཏང་གི་ལས་གནས་ཐོག་བྲེལ་བརྩོན་ཆེན་པོས་ལས་གནས་བརྟན་སྲུང་དང་འབད་འཐབ་བྱས་ནས་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་བ་མཚོན་པར་བྱེད་བཞིན་ཡོད། ཚེས་3ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཁེ་ལས་དང་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་དངོས་སུ་ཕེབས་ནས་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་འཐབ་ས་དང་པོའི་ངལ་རྩོལ་པར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོར་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཨང་དང་པོར་འཇོག་པ་དང་། “སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པ་དང་དུས་རབས་གསར་པའང་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པའི”རླབས་ཆེན་གྱི་འབོད་སྐུལ་ལག་ལེན་ཧུར་ཐག་བྱེད་པ། རང་འཁྲིའི་ལས་གནས་ཐོག་གཞིས་ཚུགས་པ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་འབད་འཐབ་བྱེད་པ་བཅས་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཆེད་ལེཌ་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཞིབ་བཤེར་དང་འཚམས་འདྲིར་ལྷན་དུ་ཕེབས་ཡོད་པ་རེད།

    བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ཆེ་དགྲ་ལྷ་དང་ཀྲོང་ཡན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་སྐྱོད་དང་། བདེ་འཇགས་ཐོན་སྐྱེད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ལ་གཟིགས་ཞིབ་གནང་བ་དང་། ངལ་རྩོལ་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ། ཚང་མའི་ངལ་རྩོལ་དང་། འཚོ་བ། ཁྱིམ་ཚང་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཆེ་དགྲ་ལྷས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་བདེ་འཇགས་དོགས་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    རྒྱལ་ལམ་109རྒྱུད་ཀྱི་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་ནི་རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཞུགས་པ་དང་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེ་མོ་བསྐྲུན་པའི་མ་ལམ་གལ་ཆེན་ཞིག་རེད། མིག་སྔར་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་བསྡོམས་འབོར་གྱི་98%བཏང་ཟིན་པ་དང་འཐུས་ཚང་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་བསྡོམས་འབོར་གྱི་88%བཏང་ཡོད། འཕྲུལ་ཆས་ཀྱི་སྒྲ་འུར་འུར་དུ་གྲགས་པའི་ཁྲོད་ཆེ་དགྲ་ལྷ་དང་ཀྲོང་ཡན་གྱིས་ལས་གྲྭའི་འཛུགས་སྐྲུན་པ་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་སྦྲགས་ལས་གྲྭའི་འཕེལ་རིམ་དང་། བདེ་འཇགས། སྤུས་ཚད། ཁོར་ཡུག་སྲུང་སྐྱོང་། ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆེ་དགྲ་ལྷས་ལམ་བུ་འདི་ནི་བོད་ལྗོངས་དང་མེས་རྒྱལ་གྱི་ནང་ས་འབྲེལ་མཐུད་ཀྱི་ཆབ་སྲིད་ཀྱི་ལམ་བུ་དང་། དཔལ་འབྱོར་གྱི་ལམ་བུ། མཐུན་སྒྲིལ་གྱི་ལམ་བུ། ཚེ་སྲོག་གི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་རེད། ལས་གྲྭ་ལག་བསྟར་བྱས་ཚུན། ཏང་ཀྲུང་དབྱང་ཀྱི་ཐུགས་ཁུར་བྱམས་སྐྱོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན། འབྲེལ་ཡོད་སྡེ་ཚན་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པའི་སྒྲིག་འཛུགས་ཞིབ་ཚགས་དང་རྒྱ་ཆེའི་འཛུགས་སྐྲུན་པའི་དཀའ་སྤྱད་འབད་བརྩོན་བཅས་ཀྱི་འོག ལས་དོན་ཁག་ཛ་དྲག་ལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འཕེལ་རིམ་བཟང་པོ་བྱུང་བ་དེ་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་གང་ལེགས་མཚོན་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཚེ་སྲོག་གོང་དུ་བཀུར་བ་དང་། བདེ་འཇགས་ཨང་དང་པོར་འཇོག་པ། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་དང་ཚོད་འཛིན་ནན་པོ་བྱེད་པ། འཐབ་ས་དང་པོའི་ལས་བཟོར་སེམས་ཁུར་མང་ཙམ་བྱེད་པ། མཐུན་སྦྱོར་མཉམ་སྒུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་ཡང་འབད་བསྐྱར་འབད་ངང་དམ་འཛིན་ཡག་པོ་བྱེད་པ། སྤུས་ལེགས་ཀྱི་ལས་གྲྭའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་བ་བཅས་བྱས་ཏེ་ཕྱིར་སྐྱོད་སྟབས་བདེ་ཡོང་བའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།