[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ལྷ་སར་མི་རིགས་ཁག་གི་གྲོང་མི་དང་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་སྟོན་དགའ་གཏོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཐུགས་ཁུར་དང་འཚམས་འདྲི་བསྣམས་ནས་ཚེས་2ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ངལ་རྩོལ་བར་གཟིགས་པར་ཕེབས་ནས། མི་རིགས་ཁག་གི་གྲོང་མི་དང་ཡུལ་སྐོར་བ་དང་མཉམ་དུ་རྒྱལ་སྟོན་དགའ་གཏོང་གནང་བ་རེད།

    འབྲས་སྤུངས་དགོན་དང་སེ་ར་དགོན་སོགས་སུ་བཀལ་བའི“རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”དང“སྤྲོ་སེམས་འཁོལ་བའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་འཕྲེད་འགེལ་ཡི་གེ་མངོན་གསལ་ལྷག་པར་ཆེ། ཏིང་ཡེ་ཤན་གྱིས་སྔ་རྗེས་སུ་དགོན་པ་དེ་གཉིས་སུ་ཕེབས་ནས་ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་ཤེས་རྟོགས་གནང་ནས་ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་བ་ཚོར་བསྔགས་བརྗོད་གནང་ཞིང་། ཁོང་གིས། ཚང་མས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། མི་སེམས་དང་། ཐུན་མོང་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    སྔོ་ལྗང་ལྗོན་པས་བརྒྱན་པའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་ནོར་བུ་གླིང་ཁར་ལྷ་མོ་དང་གླུ་སྒྲས་ཁེངས་ནས་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་ཡོད་ལ། ཐང་ཆེན་ཞབས་བྲོ་དང་མི་རིགས་ཀྱི་ཞབས་བྲོ་གསོན་ཤུགས་ཆེ་བས། བདེ་སྐྱིད་ལྡན་པའི་འཚོ་བར་དགའ་ཞེན་ཚད་མེད་བྱེད་ལུགས་ཀྱང་མཚོན་པར་བྱས་ཡོད། གྲོང་མི་དང་ཡུལ་སྐོར་བ་མང་པོ་དེ་གར་འཛོམས་ནས་རང་འགུལ་ངང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་ཏེ་མེས་རྒྱལ་གྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཏིང་ཡེ་ཤན་དང་བཅས་པས་ཕེབས་ཀྱིན་དུ་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་དང་སྤེལ་རེས་མཉམ་འགུལ་བྱས་ཏེ་ཕན་ཚུན་དུས་ཆེན་གྱི་འཚམས་འདྲི་ཞུ་རེས་གནང་བ་རེད།

    ཏིང་ཡེ་ཤན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་སྐབས་བཟང་ཤོས་སུ་སླེབས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་ལ་འཛིན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་པར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པའི་ཁར། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་ལོ་རྒྱུས་ཀྱི་མདུན་སྐྱོད་ལམ་དུ་བྱ་གཞག་དར་རྒྱས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལྷག་བསམ་རྣམ་དག་དང་དད་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།