[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་དམག་ཁུལ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་འཚོགས་པ།

    ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-03

    ཉེ་ཆར། བོད་དམག་ཁུལ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚན་ཚོགས《མེས་རྒྱལ་བརྟན་སྲུང་ཆེད》ཞེསལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཞུས་ཡུང་། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞུའེ་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཅས་དང་བོད་དམག་ཁུལ་ཁང་གི་རྒྱ་ཆེའི་དཔོན་དམག་ཚོས་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

    མཚན་ཚོགས་ལེའུ་བཞི་ལ་ཕྱེ་ནས་ཏང་གི་དར་ཆའི་ཁྲིད་སྟོན་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བོད་ལ་དཔུང་སྐྱོད་དང་། བོད་བཅིངས་འགྲོལ། བོད་སྲུང་སྐྱོབ། བོད་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཁྲོད་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིབ་པར་བརྗོད་ཡོད། ལེའུ་དང་པོ《བོད་ལ་དཔུང་སྐྱོད་བྱེད》པའི་ནང་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་བློ་ཐག་ཆོད་པའི་སྒོ་ནས《བོད་ལ་དཔུང་སྐྱོད་བྱེད་པ་དང་བོད་བཅིངས་འགྲོལ་གཏོང་བའི》ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་གནང་བར་ཕྱིར་ལྟ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཕྱོགས་གཅིག་ནས་དཔུང་སྐྱོད་བྱེད་ཞོར་ལམ་བཟོ་བཞིན་མཐར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གངས་ལྗོངས་ས་མཐོར་བཙུགས་ནས། བོད་ཀྱི་ལེའུ་གསར་པ་གཏོད་པའི་ལོ་རྒྱུས་སླར་ཡང་མངོན་པར་བྱས་པ་དང་། ལེའུ་གཉིས་པ《ཐུན་མོང་ཐོག་ཁྱིམ་གཞིས་སྐྲུན》པའི་ནང་གི་མཉམ་བྲོ《དམག་འཁྲུག་ཁྲོད་ཀྱི་ལང་ཚོ》དང《གོས་འཁྲུའི་གླུ་གཞས》 རྐྱང་གཞས《ས་མཐོའི་གསར་བརྗེ་དྲན་བྱུང》དང《ནས་དམར་པོར་གྱུར་པ》སོགས་ཀྱི་ལེ་ཚན་གྱིས་བོད་དམག་ཁུལ་ཁང་གི་དཔུང་སྡེས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་ཧུར་ཐག་བྱས་ནས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་དང་ལག་གདང་དཔུང་སྦྲེལ་དང་དཀའ་སྤྱད་འབད་བརྩོན་གྱིས་ཡུལ་དེ་གའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་། ཡུལ་དེ་ག་གོང་འཕེལ་གཏོང་བ། ཡུལ་དེ་ག་དུས་བདེ་ཡོང་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་དམག་གིས་དམངས་ལ་དགའ་ཞེན་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་བརྩེ་བ་ཉ་ཆུ་ལྟར་ཟབ་པ་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་མངོན་པར་བྱས་པ། ལེའུ་གསུམ་པ《ལས་འགན་བརྟན་སྲུང》ཡི་ནང་གི་རྐྱང་གཞས《ཁྱེད་རང་གི་སྡོད་ས》དང《བཀྲ་ཤིས་སྲུང》སོགས་ལས། བོད་དམག་ཁུལ་ཁང་གི་དཔུང་སྡེའི་རྒྱ་ཆེའི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱེད་པ་དང་། ཉེན་སེལ་གུད་སྐྱོབ་ལ་ཧུར་ཐག་ཞུགས་པ། བློ་གཅིག་སེམས་གཅིག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ། འགག་རྩའི་དུས་སུ་དོན་ཐུབ་པ། ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཞན་པར་ཁ་གཏད་གཅོག་པ་བཅས་ཀྱིས་གནམ་འཐབ་ས་འཛིང་དང་གནོང་འགྱོད་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་བའི་མི་སེམས་འགུལ་བའི་བྱས་རྗེས་མཚོན་པར་བྱས་པ། ལེའུ་བཞི་པ《ཕུགས་འདུན་སྒྲུབ་ཅིང་དམག་དཔུང་སྟོབས་ཆེར་གཏོང་བ》ཡི་ནང《གངས་ལྗོངས་སུ་དམག་མི་འདེམས་པ》དང《གངས་རིའི་དམ་བཅའ》སོགས་སྐད་སྒྲ་དང་བརྩེ་དུང་མཉམ་འདུས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་འཁྲབ་སྟོན་ལས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་དམག་ཁུལ་ཁང་གི་དཔུང་སྡེས་དམག་ཧྲག་ཞུན་བརྡར་དང་རལ་གྲི་རྣོན་པོར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེན་གྱི་ལམ་དུ་གོམ་སྟབས་བརྟན་པོ་སྤོ་ལུགས་གང་ལེགས་མཚོན་ཡོད།

    འཁྲབ་སྟོན་མི་སྣ་ཡོངས་དང་མཚན་ཚོགས་སུ་ཞུགས་པའི་དཔོན་དམག་ཚོས་མཉམ་གཞས་བོད་དམག་ཁུལ་ཁང་གི་གླུ་གཞས《མདུན་སྐྱོད་བྱེད། གངས་ལྗོངས་ཀྱི་དཔོན་དམག་ཚོ》བཏང་བ་ལས་མཚན་ཚོགས་ཀྱི་མཐོ་རླབས་འཕྱུར་བ་རེད།

    རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ཝུའུ་དབྱིང་ཅེ་དང་། ཞུས་ཡུང་། ཀྲང་ཞུའེ་ཅེ་བཅས་ཀྱིས་ལྷན་དུ་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་གཟེངས་བསྟོད་ཐོབ་པའི་བོད་དམག་ཁུལ་ཁང་གི་དཔུང་སྡེའི་དཔོན་དམག་གི་འཐུས་མིའམ་ཡང་ན་ནང་མིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་རྟགས་མ་སྤྲད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།