[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་འཚོགས་པ།

    ཝུའུ་དབྱིང་ཅེས་ཤིས་ཚིག་གསུངས་པ་དང་། བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཕེབས་པ། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ཟླ་9ཚེས་29ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ལྷ་ས་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་དང་ལྷན་འཛོམས་གནང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་ལྷན་དུ་རྟེན་འབྲེལ་ཞུས་པ་རེད།

    ཆེ་དགྲ་ལྷས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཞུའེ་ཅེ་དང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི་བཅས་དང་། དེ་བཞིན་པ་སངས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་སྣེ་ལེན་ཚོགས་འདུར་ཕེབས་པ་རེད།

    ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་འཕྲོ་བ་དང་སྐུ་མགྲོན་གྱིས་ཁེངས་ནས་དགའ་སྟོན་དང་བཀྲ་ཤིས་པའི་རྣམ་པ་ཟབ་མོ་མངོན། སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་ཚོགས་འདུར་ཞུགས་མཁན་ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། དེ་རྗེས་ཝུའུ་དབྱིང་ཅེས་ཤིས་ཚིག་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག ངལ་རྩོལ་དཔེ་བཟང་བ། ཁེ་ལས་ཀྱི་འཐུས་མི་བཅས་དང་། དེ་བཞིན་ལས་རིགས་ཁག་གི་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། བོད་ལ་ཐུགས་ཁུར་དང་། བོད་ལ་དགའ་ཞེན། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱབ་སྐྱོར་གནང་མཁན་བཅས་ཀྱི་རྒྱལ་གཅེས་བོད་རིགས་སྤུན་ཟླ་དང་། སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་གནམ་ས་འབྱེད་པའི་དོན་ཆེན་ཞིག་དང་ཀྲུང་གོའི་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་བརྒྱ་ལྷག་ཙམ་གྱི་བརྙས་བཅོས་མྱངས་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་སྟེ་དར་རྒྱས་གོང་འཕེལ་གྱི་སྲིད་ལོ་གསར་པ་བཏོད་པ་རེད། ལོ་ངོ་བདུན་ཅུ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འབུངས་མདུན་སྐྱོད་བྱས་པར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐུགས་བཅངས་གནང་སྟེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ལ་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བོད་འདི་ཉིད་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་ཐོབ་པ་དང་ཏང་ཀྲུང་དབྱང་གི་དྲོ་སྐྱིད་ལོངས་སུ་སྤྱོད་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་དང་བོད་ལ་བརྩེ་སེམས་བཅངས་ནས་བོད་ཀྱི་ལས་དོན་གྱི་ཁ་ཕྱོཌ་སྟངས་འཛིན་གནང་བ་དང་ཐབས་འདོན་ཇུས་འགོད་གནང་སྟེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་སྒུལ་ཤུཌ་ཆེན་པོ་བསྣན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཁས་མཛངས་ལྡན་ལ་རླབས་ཆེ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འགྲན་ཟླ་བྲལ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཧ་ཅང་ཡང་དག་པ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་དུ་དྲོ་སྐྱིད་ཧ་ཅང་ལྡན་པ་བཅས་ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་མིག་སྔར་བོད་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཀུན་སེམས་གཅིག་སྒྲིལ་གྱིས་འབད་འབུངས་ཆེར་སྐྱེད་བྱེད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྤྲོ་སྣང་ལྡན་པའི་རོལ་དབྱངས་སྒྲའི་ཁྲོད། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཞི་མཐུན་བརྟན་ལྷིང་ཡོང་བ། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།