[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་པུའུ་དང་བཞུགས་མོལ་གནང་བ།

    རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལས་འགན་གལ་ཆེན་དོན་འཁྱོལ་བྱ་ཆེད་ལེགས་སྐྱེས་འབུལ་དགོས།

    ཝུའུ་དབྱིང་ཅེ་དང་ཝང་ཀྲེ་ཀང་གིས་གསུང་བཤད་གནང་བ། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    པུའུ་དང་རང་སྐྱོང་ལྗོངས་ཀྱི་ལས་དོན་གྲོས་མོལ་གྱི་དམིགས་ཚད་ལས་འགན་དོན་འཁྱོལ་ཡག་པོ་བྱ་ཆེད། ཟླ་9ཚེས་5དང་6ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་པུའུ་དང་ཁག་སོ་སོར་བཞུགས་མོལ་བྱས་པ་རེད། ཕྱོགས་གཉིས་ཀྱིས་ཚན་རྩལ་འཆར་འགོད་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བསམ་བཀོད། ཕུགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ། ཐོན་ལས་འཕེལ་རྒྱས། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཚན་རྩལ་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཝང་ཀྲེ་ཀང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན། པད་མ་དབང་འདུས། ལིའུ་ཅང་། མོང་ཞའོ་ལིན། ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ལི་མོང་བཅས་ཚོགས་འདུར་ཞུགས་པ་རེད། 

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པུའུ་ཀྲང་ཝང་ཀྲེ་ཀང་གིས་ཚོགས་པའི་སྣེ་འཁྲིད་དེ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་འབྲེལ་པུའུ་དང་རང་སྐྱོང་ལྗོངས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་བཞི་པར་ཞུགས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་ཚན་རྩལ་པུའུ་ཡིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཚན་རྩལ་པུའི་མཛུབ་ཁྲིད་ཞིབ་ཚགས་དང་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་པུའུ་དང་རང་སྐྱོང་ལྗོངས་ཀྱི་གྲོས་མོལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དོན་འཁྱོལ་ནན་པོ་བྱེད་པ་དང་ལྗོངས་ཡོངས་ཀྱི་ཚན་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། 

    ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པའི་སྤྱི་ཡོངས་ཀྱི་རྣམ་པ་ཞིག་རིམ་གྱིས་ཆགས་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཚན་རྩལ་པུས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཚན་ཞིབ་བྱེད་སྒོར་རང་ལྗོངས་ཀྱི་ཚན་ཞིབ་མི་སྣ་ཞུགས་རྒྱུར་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་བས་ལེགས་པར་སྤེལ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། ནས་ཀྱི་ཐོན་འཕར་དང་འབྲི་གཡག་སྡོམ་གསོས་སོགས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་བསྒྲིལ་དང་འཚམ་པའི་དམངས་འཚོའི་རྣམ་གྲངས་ལ་སྔོན་དུ་རྒྱབ་སྐྱོར་བྱེད་རྒྱུ། ཚན་རིག་ཤེས་བྱ་ཁྱབ་གདལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་རིགས་ཁག་གི་མང་ཚོགས་ཚོས་དེང་རབས་ཚན་རིག་གོང་དུ་བཀུར་བའི་འདུ་ཤེས་འཛུགས་པ་དང་། རང་བྱུང་དང་འཇིག་རྟེན་ལ་ངོས་འཛིན་ཡང་དག་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་རྣམ་པའི་ཐོག་ནས་བོད་ལ་ཤེས་ལྡན་པ་དང་ལག་རྩལ་སོགས་ཐད་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་བོད་ཀྱིས《“ལོ་ལྔ་ཚན་བཅུ་བཞི་པའི”ཚན་རྩལ་བོད་སྐྱོར་གྱི་འཆར་འགོད》ཡག་པོ་འདིང་རྒྱུར་རྒྱབ་སྐྱོར་དང་མཛུབ་ཁྲིད་བཅས་བྱས་ནས་བོད་ཀྱི་ཚན་རྩལ་བྱ་གཞག་ལ་གྲུབ་འབྲས་གསར་པ་དེ་བས་ལེགས་པ་ཐོབ་རྒྱུར་རོགས་རམ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

    ཝང་ཀྲེ་ཀང་གིས་2009ལོར་ཚན་རྩལ་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱིས་པུའུ་དང་རང་སྐྱོང་ལྗོངས་ཀྱི་གྲོས་མོལ་ལམ་ལུགས་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་མཉམ་དུ་དོན་འཁྱོལ་དང་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་དང་། ཚན་རྩལ་གླིང་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ། ཚན་རྩལ་ཤེས་ལྡན་པའི་གསོ་སྐྱོང་སོགས་ཐད་ལ་ཕྱོགས་ཡོངས་ནས་མཉམ་ལས་གཏིང་ཟབ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད། 

    པུའུ་དང་རང་སྐྱོང་ལྗོངས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་བཞི་པ་དང་བོད་སྐྱོར་ལས་དོན་སྐོར་ལ། ཝང་ཀྲེ་ཀང་གིས་ཚན་རྩལ་པུས་ཚན་རྩལ་གསར་གཏོད་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོས་མོལ་གྱི་གླེང་གཞི་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་མངོན་ཐུབ་པའི་འགན་ལེན་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་། ལས་དོན་གྱི་ངེས་གནས་གཙོ་བོ་ཚན་རྩལ་གྲུབ་འབྲས་འབྲེལ་མཐུད་དང་བཀོལ་སྤྱོད་ནུས་པ་གཞན་སྒྱུར་ཐད་འཇོག་པ། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་སྔར་བས་གཞན་སྒྱུར་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལྗང་མདོག་སྣོད་བཅུད་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཅས་གཏོང་རྒྱུ་དང་། ཞིབ་ཚགས་ཅན་དང་གོ་རིམ་ཅན་གྱི་བླང་བྱ་དང་བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། གླེང་གཞིའི་ནང་དོན་དང་རྣམ་གྲངས་སོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་ཆེད་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་དེ་བས་ཆེ་བ་འདོན་རྒྱུ། ཚན་རྩལ་ཆེན་པོའི་བོད་སྐྱོར་རྣམ་པ་ཧུར་ཐག་བཏོད་དེ། སྲིད་ཇུས་གསར་གཏོད་དང་། ལས་སྟེགས་རྟེན་གཞི། ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 

    ཆེ་དགྲ་ལྷས་ཚེས་6ཉིན་གྱི་བཞུགས་མོལ་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ཚན་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་ཁྱབ་ཁོངས་ཁག་གི་ཚན་རྩལ་གསར་གཏོད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། ཚན་རྩལ་པུས་སྔར་རྒྱུན་བཞིན་བོད་ཀྱི་ཚན་རྩལ་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད། བོད་ཀྱིས་ཚན་རྩལ་གསར་གཏོད་ཀྱི་ལས་དོན་གལ་ཆེན་ཡག་པོ་བསྒྲུབས་ནས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་དང་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་ལས་དོན་གྱི་འགོ་ནས་མཇུག་བར་ཚན་རྩལ་གསར་གཏོད་ཁྱབ་པ་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།