[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བློ་བཟང་རྒྱལ་མཚན་གྱིས་ཆབ་མདོ་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཟླ་5ཚེས་5ནས་12ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    དུས་ཡུན་ཉིན་8རིང་བློ་བཟང་རྒྱལ་མཚན་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གསུམ་གྱི་རྒྱུག་ཁུལ་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བྲག་གཡབ་དང་། གོ་འཇོ། སྨར་ཁམས། མཛོ་སྒང་། དཔའ་ཤོད་བཅས་ཀྱི་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང་5ཡི་ཤང་དང་གྲོང་རྡལ་15ལ་ཕེབས་ཏེ་ས་གནས་ས་ཐོག་ཏུ་དབུལ་སྐྱོར་ཐོན་ལས་གླིང་དང་། འདེབས་འཛུགས་གསོ་སྤེལ་རྟེན་གཞི། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་གྲོང་གསར། ཁྱད་ལྡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ། སློབ་གྲྭ སྨན་ཁང་། དགོན་སྡེ་བཅས་ས་ཚིགས་30ལྷག་ཙམ་ལ་རྟོག་ཞིབ་གནང་བ་དང་འབྲེལ་ཆབ་མདོ་གྲོང་ཁྱེར་གྱི“ཞིང་གསུམ”ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནུས་ལྡན་ཐུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་གཞིགས་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པ་དང་། དགོན་སྡེའི“གནད་འགག”དེར་དམ་འཛིན་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས“ཁྲིད་སྟོན”ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་དང་ཞབས་ཞུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུའི་འགག་རྩ་དེར་སྟངས་འཛིན་ནན་པོ་བྱས་ནས་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པའི་བསམ་པ་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཀྱི་ཚད་གཞིར་དམ་པོར་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་ཞན་ཆ་དང་མི་འདང་བ་གསབ་དགོས་པ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས། ཡུལ་སྐོར་ཐོན་ལས་བཅས་རྒྱ་སྟོབས་ཆེ་རུ་ནས་མང་ཚོགས་དབུལ་པོ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་། རང་ས་རང་ཡུལ་དང་ཁ་བྲལ་མི་དགོས་པར་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས་པ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས“ས་ངན”ཡུག་ཁུལ་གྱི་གནས་སྤོའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་གནས་སྡོད་ལས་དོན་གྱི་མཇུག་བསྡུ་བ་དང་། ཐོན་ལས་ལེ་ལག་ཚང་བ། ལས་ཞུགས་རོགས་སྐྱོར། སྡེ་ཁུལ་བསྐྱར་སྐྲུན་སོགས་ཀྱི་རྗེས་མཐུད་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པ། སྲིད་ཇུས་བརྟན་པོ་དང་རྒྱུན་མཐུད་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་རྙོག་འཛིང་ཆེ་ཤོས་ཀྱི་ལས་འགན་དེ་ཞིང་འབྲོག་ཁུལ་དུ་གནས་ཡོད། ཆབ་མདོ་གྲོང་ཁྱེར་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ཞིང་འབྲོག་པའི་གླ་ཕོགས་དང་། གཉེར་སྐྱོང་། རྒྱུ་ནོར་བཅས་ཀྱི་ཡོང་འབབ་མང་དུ་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་ཤུགས་ཆེན་གཏོང་བ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་དམར་ཐིག་དང་པོར་བརྩིས་ནས་ཐོན་སྐྱེད་གོང་སྤེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་ཆབ་མདོ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་བོད་ཤར་རྒྱུད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་གཙང་གསུམ་གྱི་ས་གཞི་ཆེ་མོའི་སྣོད་བཅུད་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བསམ་གཞིག་དང་། འཆར་འགོད། སྐུལ་འདེད་བཅས་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རམ་འདེགས་དེ་བས་ཡག་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།