[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ཡུལ་སྐོར་དང་རིག་གནས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-21

     ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་ཕོ་བྲང་པོ་ཏ་ལ་དང་། རྫོང་རྒྱབ་ཀླུ་ཁང་། ར་མོ་ཆེ་གཙུག་ལག་ཁང་། ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན་སོགས་སུ་ཕེབས་ནས་ཡུལ་སྐོར་དང་རིག་གནས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་ལིའུ་ཅང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། 

    ཏིང་ཡེ་ཤན་གྱིས་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཡིན་པའི་ངོས་ནས་ཡུལ་སྐོར་ལས་རིགས་དེ་ཉིད་རང་ལྗོངས་ཀྱི་སྣེ་ཁྲིད་ཐོན་ལས་དང་། ཀ་རྟེན་ཐོན་ལས། འཐབ་ཇུས་འདེགས་སྐྱོར་ཐོན་ལས་བཅས་སུ་གྱུར་ཡོད་ལ། དེ་ནི་དམངས་ཕན་གྱི་དམངས་ཕྱུག་ཐོན་ལས་ཤིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཞབས་ཞུ་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་མཚམས་སུ་འཛུལ་ནས་ཡུལ་སྐོར་དང་རྒྱལ་ནང་དུ་ཡུལ་སྐོར་གྱི་འབྲེལ་ཡོད་སྒྲིག་གཞི་དང་ལམ་སྲོལ་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཡུལ་སྐོར་བར་སྟབས་བདེ་དེ་བས་མང་བ་བསྐྲུན་པ། བོད་ཀྱི་ཕྱི་ཕྱོགས་དཔལ་འབྱོར་རིག་གནས་ཀྱི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།  མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་ལས་རིགས་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ལས་རིགས་དམངས་འཚོ་ལེགས་གཏོང་དང་། ལས་ཞུགས་གཞན་སྒྱུར། མང་ཚོགས་ལ་འབབ་འཕར་བཅས་ཀྱི་ཐབས་ལམ་ནུས་ལྡན་དུ་འགྱུར་བ་བྱས་ནས་མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་ཡོད་པ་དང་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཏིང་ཡེ་ཤན་གྱིས་ད་དུང་ས་གནས་ཁག་གི་རིག་དངོས་སྲུང་སྐྱོབ་དང་རིག་གནས་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་རིག་རྩལ་ཤེས་ལྡན་པ་དང་ལྷག་དོན་དུ་གཞི་རིམ་གྱི་རིག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ལ་དགའ་ཞེན་དང་། ཀུན་སྤྱོད་ལེགས་ལ་འཇོན་ཐང་ཆེ་བའི་སྒྱུ་རྩལ་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་དང་། རིག་རྩལ་ལས་དོན་གྱི་བྱ་དགའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚང་མ་སྔོན་ཐོན་རིག་གནས་ཀྱི་ལག་ལེན་པ་དང་སྤྱི་ཚོགས་དར་སྲོལ་གྱི་སྣེ་ཁྲིད་པར་འགྱུར་རྒྱུར་ལྕག་སྐུལ་བྱེད་དགོས། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱས་ཏེ་མང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་ཀྱི་དགོས་མཁོ་ཁོང་དུ་ཆུད་པ་དང་། བྱེད་ཐབས་སྔར་བས་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་དུ་གཉེར་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།