[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་ནན་ཞིང་ཆེན་དུ་འཚམས་ལན་དང་རྟོག་ཞིབ་སློབ་སྦྱོང་གནང་བ།

    ཏུའུ་ཅ་ཧའོ་དང་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་དང་། ཞུས་ཏ་ཀྲེ་དང་ཨུའུ་ལན་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཟླ་12ཚེས་1ནས་ཚེས་4ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཧུའུ་ནན་ཞིང་ཆེན་དུ་འཚམས་ལན་དང་། རྟོག་ཞིབ་སློབ་སྦྱོང་བཅས་གནང་བར་ཕེབས་ཏེ་ཧུའུ་ནན་དང་བོད་ལྗོངས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་དབར་གྱི་གནས་ཚུལ་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུ་རེད། 

    ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཏུའུ་ཅ་ཧའོ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཞུས་ཏ་ཀྲེས་ཧུའུ་ནན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་།  ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ལན་ཚོགས་འདུར་ཕེབས་པ་རེད། 

    བཞུགས་མོལ་ཚོགས་འདུའི་ཐོག་ཏུའུ་ཅ་ཧའོ་ཡིས་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ཧུའུ་ནན་དུ་འཚམས་ལན་དང་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་དུས་ཡུན་རིང་པོའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ལས་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཡང་དག་པའི་རང་བཞིན་ར་སྤྲོད་གང་ལེགས་ཐུབ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་ལས་ཀའི་གྲུབ་འབྲས་ཏན་ཏིག་གང་ལེགས་སྟོན་པ། བོད་ཀྱི་ལས་བྱེད་མང་ཚོགས་ཀྱི་འབད་འབུངས་ཆེར་བསྐྱེད་དང་འགག་སྒྲོལ་དཀའ་སེལ་གྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མཚོན་གྱི་ཡོད་པས་ང་ཚོས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་དང་ཡིད་སྨོན་བྱ་རྒྱུ་ཡང་ཡིན་ཞེས་གསུངས། 

    ཏུའུ་ཅ་ཧའོ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་ནན་པོ་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་ལྷོ་ཁའི་མི་དམངས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། མཉམ་དུ་འབད་འཐབ། མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བ་བཅས་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྔར་བས་རྒྱབ་སྐྱོར་དང་། དམངས་འཚོའི་བོད་སྐྱོར་ལ་སྔར་བས་སྐུལ་འདེད། ཐོན་ལས་བོད་སྐྱོར་གྱི་རང་བརྟེན་ནུས་པ་སྔར་བས་ཆེ་རུ་གཏོང་བ། བོད་སྐྱོར་ལས་བྱེད་པའི་ཁག་ཐེངས་རེས་སྐོར་སྦྲེལ་མཐུད་དང་བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཧུའུ་ནན་དུ་སློབ་སྦྱོང་དང་གསོ་སྦྱོང་ལ་འགྲོ་བ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཧུའུ་ནན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་དམིགས་བསལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཧུའུ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ཏེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཡོངས་དང་། རིམ་པ་མང་བ། ནུས་ཤུགས་ཆེ་བ་བཅས་ཀྱིས་བོད་སྐྱོར་ལས་དོན་སྤེལ་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱེད་པ་དང་། ཧུའུ་ནན་ཞིང་ཆེན་གྱི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཁྱིམ་ཚང་ཁྲི་སྟོང་མང་པོར་ཚོར་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་ནམ་ཡང་ཉམས་པ་མེད་པའི་བྱས་རྗེས་རྡོ་རིང་བཙུགས་པ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དཔག་མེད། ཀྲུང་ཧྭ་མི་རིགས་ཀྱིས་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་པའི་གོང་བུ་འགྲིལ་ཤུགས་ཆེན་པོ་བཅས་མངོན་ཡོད། བོད་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་རེ་རེ་བཞིན་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཡང་ཁ་འབྲལ་ཐབས་མེད། ཧུའུ་ནན་ཞིང་ཆེན་གྱིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གསོ་ལས་ཞུགས། སྣོད་བཅུད་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མུ་མཐུད་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད། 

    འཚམས་ལན་གནང་རིང་བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཆེད་མངགས་ཧྲའོ་ཧྲན་དང་ཉིང་ཤང་དུ་ཕེབས་ནས་བློ་མཐུན་མའོ་ཙེ་ཏུང་དང་བློ་མཐུན་ལིའུ་ཧྲའོ་ཆིའི་ཟངས་བརྙན་ལ་མེ་ཏོག་གི་སི་ར་ཕུལ་བ་དང་མཇལ་དར་བསྒྲོན་པ་དང་། བློ་མཐུན་མའོ་ཙེ་ཏུང་དང་བློ་མཐུན་ལིའུ་ཧྲའོ་ཆིའི་དྲན་གསོ་ཁང་དང་བཞུགས་གནས་རྙིང་པ་མཇལ་བ་དང་འབྲེལ། ཁྲང་ཧྲ་རུ་ཧུའུ་ནན་གྱི་དགེ་འོས་སློབ་གླིང་དང་པོ་དང་ཅུས་ཙེ་ཀྲོའུ་སྣོད་བཅུད་སྤྱི་གླིང་དང་དེ་བཞིན་གཡོད་ལུའུ་རིག་གནས་འཆད་ཉན་ཁང་དུ་རྟོག་ཞིབ་གནང་ནས་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་གྲས་ཀྱི་འོད་སྟོང་འབར་བའི་མཛད་རྗེས་དང་། བླ་ན་མེད་པའི་སྙིང་སྟོབས་། ཀུན་སྤྱོད་ཉམས་འགྱུར་བཅས་ལ་བསྐྱར་དྲན་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཧུའུ་ནན་གྱི་རྟེན་རྫས་བཤམས་མཛོད་ཁང་དང་། ཁུན་ཕེང་ཚོགས་པ། ཧུའུ་ནན་འགྲིམ་འགྲུལ་ཆུ་བེད་འཛུགས་སྐྲུན་ཚོགས་པ། ཡིའུ་ཨ་ཀུང་སི། སན་དབྱི་ཚོགས་པ། ཧུའུ་ནན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ། གཡོད་དབྱང་གྲོང་ཁྱེར་ཤང་དབྱིན་རྫོང་གི་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ལ་རྟོག་ཞིབ་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།