[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཏིང་ཡེ་ཤན་གྱིས་ནག་ཆུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-02

    ཟླ་10ཚེས་26དང་27ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ནག་ཆུ་གྲོང་ཁྱེར་གྱི་ཤན་རྩ་རྫོང་དང་། དཔལ་མགོན་རྫོང་། གསེར་རྙེད་ཆུས་བཅས་སུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་གྱི་ཤན་རྩ་རྫོང་ནི་ཏིང་ཡེ་ཤན་གྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན་ཞིང་། ཤན་རྩར་ཕེབས་མ་ཐག་ཏིང་ཡེ་ཤན་གྱིས་འཕྲལ་མར་གནས་སྤོས་འབྲོག་པ་སྲི་ཐར་གྱི་ཁྱིམ་དུ་ཕེབས་ནས་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། སྲི་ཐར་གྱིས་ད་ལྟའི་ཁང་པ་གསར་པ་ནི་ཏང་དང་སྲིད་གཞུང་གིས་ཁ་གསབ་གནང་ནས་བསྐྲུན་པ་ཞིག་ཡིན། གནས་སྤོས་རྗེས་བུ་ཕྲུག་སློབ་གྲྭར་གཏོང་བ་དང་། རྒན་རྒོན་སྨན་ཁང་དུ་འགྲོ་བ། ནང་མི་ལས་ཀར་འགྲོ་བ་བཅས་ལ་ཧ་ཅང་སྟབས་བདེ་པོ་འདུག རང་ཉིད་ལ་ཡང་ཟླ་རེར་ཡོང་འབབ་སྒོར་2000ཙམ་ཡོད་པའི་ལས་ཀ་ཞིག་རག་བྱུང་ཞེས་ཏིང་ཡེ་ཤན་ལ་བཤད། ཏིང་ཡེ་ཤན་གྱིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། 

    ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ་བརྩེ་སེམས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་བཅངས་ནས་ང་ཚོར་དམངས་ཕན་དམངས་ཕྱུག་གི་དམིགས་བསལ་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་ཡོད། ཚང་མས་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་ཟེར་བ་ལྟར་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་ཤེས་པར་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རང་ཉིད་ཀྱི་དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད། 

    ཏིང་ཡེ་ཤན་གྱིས་སྔ་རྗེས་སུ་ཤན་རྩ་རྫོང་ཐར་མ་ཤང་གི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་གསེར་རྙེད་ཆུས་ཀྱི་གྲོང་བྱང་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་། དཀར་གཙང་ཁ་བཏགས་ཀྱང་གཡོགས་གནང་བ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁོང་ཚོས་དུས་ཡུན་རིང་པོ་ལས་གནས་བརྟན་སྲུང་དང་ལས་དོན་ཧུར་ཐག་བསྒྲུབས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དེང་སྐབས་རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣོ་ངར་ཆེ་ལ་རྙོག་འཛིང་ཆེ་བའི་དུས་མཚམས་སུ་སླེབས་ཡོད། རེ་བར་ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་བསྟུད་མར་དམག་འཐབ་རྒྱག་པ་དང་བློས་གཏོང་བྱ་རྒྱུར་མི་སྐྲག་པའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་འགྲིམ་འགྲུལ་བདེ་འཇགས་འགན་ལེན་ཡོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད། 

    ཤན་རྩ་རྫོང་གི་ལས་དོན་སྙན་སེང་གསན་རྗེས་ཏིང་ཡེ་ཤན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཡོང་བ་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་དེ་བཞིན་ཏཱ་ལའི་རུ་ཚོགས་ཀྱི“རང་བཞིན་གསུམ”གྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས། མི་དམངས་ལྟེ་བར་འཛིན་་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་རྒྱུར་དམིགས་པ་དང་། རིག་སྐྱོར་བློ་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱེད་པ། མང་ཚོགས་སྐུལ་སློང་གང་ལེགས་བྱེད་པ། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད། སྣོད་བཅུད་བཟང་པོ་རྒྱུན་འཁྱོངས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།