[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་མཇུག་འགྲིལ་བ།

    ཆེ་དགྲ་ལྷས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་དང་། ཀྲོང་ཡན་གྱིས་ཡོངས་བསྒྲགས་གཙོ་བོ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-13

    ཚེས་11ཉིན། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་བདེ་བླག་ངང་མཇུག་འགྲིལ་བ་དང་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་དང་འབྲེལ། གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཡོངས་བསྒྲགས་གཙོ་བོ་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅི་གོ་ཀང་དང་། རྡོ་རྗེ་ཚེ་སྒྲུབ། ལུའོ་མེ། ང་ཕོད་འཇིགས་ཡོན་བཅས་ཀྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་དེ་བཞིན་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་བཅས་ཀྱི་འོག་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“བོད་ལྗོངས་གསར་པར་སྤྲོ་བས་རོལ། གླིང་སྣེ་གསུམ་པར་སྲུང་སྐྱོང་བྱེད” ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྐབས་གོང་མ་གསུམ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག“ཡུལ་སྐོར་རིག་གནས་མངོན་གསལ་དོད་པ་དང་། གནད་སྨིན་དབུལ་སྒྲོལ་ལ་དམིགས་པ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ”བཅས་དེ་བས་མངོན་གསལ་དོད་དུ་བཏང་བ་རེད། དེའི་རིང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ནེ་པ་ལ་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས། ལྷོ་ཨ་ཧྥེ་རི་ཁ་དང་། སི་རི་ལན་ཁ། ཀེ་རི་སེ། མོང་གོལ་རྒྱལ་ཁབ། སི་ཕེན། ཧང་ག་རི། འབར་མ། སིང་ཀ་ཕོར། རྒྱ་གར་སོགས་རྒྱབ་ཁབ་ཀྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་སོགས་རྒྱལ་ཁབ་པུའུ་ཨུད་ཀྱི་འགོ་ཁྲིད་པས་ཚོགས་པའི་སྣེ་ཁྲིད་དེ་བྱེད་སྒོར་ཕེབས་པས། སྐུ་མགྲོན་མང་པོ་ལྷན་དུ་འཛོམས་པ་དང་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་རེད། བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། འགྲེམས་སྟོན་སྣ་ཁ་ཕུན་སུམ་ཚོགས་པ། གླེང་སྟེགས་བྱེད་སྒོ་ཡིད་དབང་འཕྲོག་པ། ཕྱི་དོན་བྱེད་སྒོར་སྤེལ་རེས་ཟབ་པ། ཡན་ལག་ཚོགས་རའི་བྱེད་སྒོའི་ཁྱད་ཆོས་མངོན་གསལ་དོད་པ། ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་སྣ་མང་ཡིན་པ། ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ། གནད་སྨིན་དབུལ་སྒྲོལ་རོགས་སྐྱོར་ལ་ཕན་འབྲས་ཆེན་པོ་ཐོན་པ། རྣམ་པ་ཞི་མཐུན་དང་འཁྲུག་ཆ་དོད་པ་བཅས་ཀྱི་ཐོག་ནས་གྲ་རྒྱས་ཤིང་སྤྲོ་སེམས་འཁོལ་བ་དང་། སྣ་མང་ཕུན་སུམ་ཚོགས་པ། དངོས་སྒྲུབ་ཕན་འབྲས་ཆེ་བ། བདེ་འཇགས་གྲོན་ཆུང་བཅས་ཀྱི་འགྲེམས་ཚོགས་གཟབ་རྒྱས་ཤིག་ཏུ་གཉེར་ཡོད་པ་རེད།

    འགྲེམས་ཚོགས་རིང་གཉེར་བའི་ཚོང་འགུགས་མ་འདྲེན་གྱི་དོན་འཁྱོལ་རྣམ་གྲངས་ཀྱི་གན་རྒྱར་གཅིག་སྡུད་དུ་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་གན་རྒྱའི་རིགས་ཀྱི་རྣམ་གྲངས་108ལ་བདེ་བླག་ངང་མིང་རྟགས་བཀོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་540.82ཟིན་ཡོད། སྙིང་གཏམ་ཤོད་རེས་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་བརྒྱུད་མིང་རྟགས་འགོད་མཁན་འཐུས་མི་དང་ངོ་ཐུག་གདོང་འཕྲད་དང་བསམ་པ་གཅིག་མཐུན་གྱིས་སྤེལ་རེས་བྱས་ཏེ། གན་རྒྱ་འཇོག་པའི་རྣམ་གྲངས་ལ“བརྒྱུད་རིམ་ཧྲིལ་པོ་ཚབ་གཉེར་དང་། ཆེད་དོན་ཞབས་ཞུའི”ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པས། མཉམ་སྐྲུན་མཉམ་སྤྱོད་དང་། མཉམ་སྐྱིད་མཉམ་རོལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་། མང་ཚོགས་འགྲེམས་སྟོན་ནང་ཞུགས་པ་དང་ཡུལ་སྐོར་བྱེད་པའི་སྤྲོ་སེམས་འཕེལ་ལ་སྒྲིག་ལམ་གོ་རིམ་ལྡན་ཞིང་། འགྲེམས་སྟོན་ཉིན་མོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཐོན་རྫས་བཙོངས་འབོར་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས་ཁྱོན་སྐུ་མགྲོན་1597གདན་ཞུ་དང་སྣེ་ལེན་ཞུས་པ་དང་། དེའི་ནང་ཕྱི་མགྲོན་256ཡོད་པ་རེད། ཚད་གཞི་མཐོ་བ་དང་། ཁྱབ་ཁོངས་ཆེ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་འགྲེམས་ཚོགས་རིང་བྱེད་སྒོ་སྣ་ཚོགས་ལ་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་སྨྱན་སྦྱོར་གསར་འགོད་པ་300ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད། མིག་སྔའི་བར། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་གྱིས་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འབྲེལ་ཡོད་གསར་འགྱུར་1500སྤེལ་གཏོང་བྱས་པ་དང་། ན་གཞོན་དང་བླངས་པ་500ཙམ་དང་སློབ་གྲྭ་ཆེ་མོ་དང་ཆེད་ཚན་སློབ་གྲྭའི་སློབ་མ་1000ལྷག་ཙམ་བོད་ལྗོངས་འགྲེམས་ཚོགས་གཉེར་བའི་ཞབས་ཞུའི་ལས་དོན་ནང་ཞུགས་ནས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།