[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ​སྤེན་པ་བཀྲ་ཤིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    ཚེས་7ནས་8ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་གྲོང་གསེབ་དང་། སློབ་གྲྭ དགོན་སྡེ། ལས་ཁུངས་སོགས་སུ་ཕེབས་ཏེ་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》དེབ་དང་པོ་དང་གཉིས་པ་རང་སྦྱོང་བྱས་ཚུལ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་བཅས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ནི་དུས་རབས་གསར་པའི་རང་ལྗོངས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་མང་ཚོགས་རང་བཞིན་གྱི་ཆབ་སྲིད་དང་བསམ་བློའི་སློབ་གསོ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩི་བ་དང་། ཆབ་སྲིད་ཀྱི་སློབ་གསོ་དང་བསམ་བློའི་སློབ་གསོ་ཐབས་གཉིས་མཉམ་སྤྱོད་མཐའ་འཁྱོངས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང་། གྲལ་རིམ་གྱི་གོ་རྟོགས། བསམ་བློའི་གོ་རྟོགས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། གཞི་རིམ་གྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བསྟན་པ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོར་མར་ཁེ་སིའི་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྔར་བས་ངོས་འཛིན་དང་། ཀྲུང་ཧྭ་མི་རིགས་ནི་རྩ་བ་དང་། ཀྲུང་ཧྭའི་རིག་གནས་ནི་བླ་སྲོག ཀྲུང་ཧྭའི་རྒྱལ་ས་ནི་ཁྱིམ་ཚང་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཏན་ཏིག་འཛུགས་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་འགྱུར་ལྡོག་གཏན་ནས་བྱུང་མེད་ལ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཚམས་གཏན་ནས་བཞག་མེད་པས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་སྔར་བས་ངོས་འཛིན་གསལ་པོ་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་ཁྲོད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་དངོས་འབྲེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།