[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས།

    ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-14

    ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་བོད་ཀྱི་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོ་ཡིན་པ་སྔ་བར་ཕྱི་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཆང་བ་དང་། བཀོད་སྒྲིག་ཞིབ་ཚགས་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཉི་མ་ཚེ་རིང་དང་། ཞུས་ཁྲེང་ཚང་། མོང་ཞའོ་ལིན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད། 

    གྲོང་ཁྱེར་དང་ས་ཁུལ་ཁག་གི་ལས་དོན་སྙན་སེང་གསན་རྗེས། ཀྲོང་ཡན་གྱིས་འདི་ལོ་ཚུན་དུ་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་རྒྱལ་ཡོངས“ཚོགས་འདུ་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། འཚུབ་ཆ་ཆེ་བའི་དུས་ཚོད་དང་། དུས་སྐབས་གལ་ཆེན། ཚོགས་འདུ་གལ་ཆེན། དུས་ཆེན་དང་ངལ་གསོའི་དུས་ཚོད་དང་དེ་བཞིན་དམངས་སྲོལ་ཆོས་ལུགས་བྱེད་སྒོའི་དུས་ཚོད་བཅས་ཀྱི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་བབ་བཟང་པོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་ཅེས་གསུངས། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་དང་ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་དཀའ་ཚེགས་ཆེན་པོས་འབད་འཐབ་བྱེད་བཞིན་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་མང་ཚོགས་ཀྱི་འཐུས་མིར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། 

    ཚོགས་འདུའི་ཐོག་ཀྲོང་ཡན་གྱིས་ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་སྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་སྟེ། 

    མིག་སྔའི་དུས་བབ་ལ་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱས་ནས་སྔ་བར་ཕྱི་གསུམ་དུ་ཚད་མཐོའི་དོགས་ཟོན་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་གི་རང་བཞིན། རྣོ་ངར་གྱི་རང་བཞིན་བཅས་ལ་སྔ་བར་ཕྱི་གསུམ་དུ་རིག་པ་དྭངས་གསལ་གྱི་ངོས་འཛིན་བྱེད་པ། ལྷོད་གཡེང་དང་བག་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་འདི་དམ་པོར་འཛིན་པ་བཅས་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། 

    ཁོངས་གཏོགས་ས་ཆའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་བཅངས་ནས“ནན་འགོག་དྲུག”གཙོ་གནད་དུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་། མི་རྩ་བར་འཛིན་པ། དམངས་ཕན་དམངས་བདེ་ཡོང་བ། སྤྱི་འདོམས་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་བཅོས་སྐྱོང་ཟབ་ཏུ་གཏོང་བ། “མི་ཐོན་པ་དྲུག”བཅས་བྱས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་འགན་ལེན་བྱེད་དགོས། 

    གཙོ་གནད་དོགས་ཟོན་ལ་དམ་འཛིན་ནན་པོ་བྱེད་དགོས། འགག་རྩའི་གནད་དོན་དང་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། གནས་པའི་ཉེན་ཁ་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པ་བྱེད་དགོས། 

    སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཡུལ་སྐོར་བདེ་འཇགས་དང་། མེ་ཟོན་བདེ་འཇགས། ཨར་ལས་བདེ་འཇགས། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་འདོམས་དང་ཁྲིམས་འཛིན་ནན་དུ་བཏང་ནས་འགྲིམ་འགྲུལ་ལས་འཛོལ་སྣ་ཚོགས་སྔོན་འགོག་ནན་པོ་བྱེད་དགོས་པ་དང་། སློབ་གྲྭ་དང་དེའི་ཉེ་འཁོར་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་སྣ་ཚོགས་དང་མི་སྣ་ཁག་གི་ལྟ་འདོམས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་དང་ས་ཚིགས་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་འབྲེལ་ཡོད་བྱེད་སྒོའི་བདེ་འཇགས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། 

    སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་སྒྲིག་ལམ་གྱི་བླང་བྱ་ནན་དུ་གཏོང་དགོས། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་དང་། གཞོན་ནུ་ལོ་ཆུང་སློབ་མར་སློབ་གསོ་དོ་དམ་དང་རང་འགུལ་ངང་དྲིལ་བསྒྲགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ལས་བྱེད་པའི་དཔུང་ཁག་ལ་དོ་དམ་ནན་པོ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།