[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • 2018ལོའི་ཟླ་དང་པོའི་ཚེས་24ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག

    སྲིད་གཞུང་གི་ལས་དོན་སྙན་སྒྲོན།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཆེ་དགྲ་ལྷས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-12

    འཐུས་མི་རྣམ་པ།

    ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འཐུས་མི་རྣམ་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱིར་མིག་ལྟ་བ།

    འདས་ཟིན་པའི་ལོ་ལྔ་ནི་བོད་ལྗོངས་གོང་འཕེལ་འགྲོ་བའི་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་བརྟན་ཞུམ་མེད་ཀྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིགས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཁྱབ་བཀོད་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་ཏེ་བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པ་དང་། གོང་འཕེལ་ནི་ལས་འགན་ཨང་དང་པོ་ཡིན་པ། དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ་ཡིན་པ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་ཡིན་པ་བཅས་མཐའ་འཁྱོངས་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ་དང་། “663”ལས་ཀའི་བསམ་གཞི་ཁ་གསལ་བཟོས་ཏེ་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ལེགས་པར་བསྒྲུབས་ཡོད། འདི་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་མགྱོགས་ཤོས་ཀྱི་ལོ་ལྔ་དང་། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་ལོ་ལྔ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་ཆེ་ཤོས་ཀྱི་ལོ་ལྔ་བཅས་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད།

    དཔལ་འབྱོར་གོང་འཕེལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་ལོ་ལྔ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་ནང་སླེབས་པ་དང་། ལོ་རེར་ཆ་སྙོམས་10.8%འཕར་ཞིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4ཙམ་མཐོ་བ་ཡོད། ལོ་ལྔའི་ནང་སྡེབ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་7039ལེགས་གྲུབ་བྱུང་ཡོད། དཔལ་འབྱོར་གྲུབ་ཆ་སྔར་བས་ལེགས་སུ་སོང་ཞིང་། ཐོན་ལས་གསུམ་པོའི་གྲུབ་ཆ་སྔར་བས་ལུགས་མཐུན་དུ་གྱུར་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་སྐས་རིམ་གསར་པར་འཛེགས་པ་དང་། གོང་འཕེལ་གཏོང་བའི་སྒུལ་ནུས་གསར་པ་སྐྱོང་སྤེལ་མྱུར་པོ་བྱུང་ཡོད།

    སྤྱི་ཚོགས་བརྟན་ལྷིང་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་གྱུར་བ། ཐབས་མང་མཉམ་སྤྱོད་ཐོག་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་གཏོད་ཟམ་མི་ཆད་པ་བྱས་ཏེ་མི་དམངས་ནང་ཁུལ་གྱི་འགལ་བ་ནུས་ལྡན་འདུམ་གཅོད་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་བཟོས་པ་དང་། ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། མཉམ་སྦྲེལ་དྲ་རྒྱ་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་བས་2016ལོར་རང་ལྗོངས་ཀྱི་ཕྱོགས་བསྡུས་དཔྱད་འདེམས་བྱས་འབྲས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་ཚུད་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་གྲངས་དང་ཤི་རྨས་བྱུང་བའི་མི་གྲངས་གཉིས་ཀ་ལོ་ལྔ་བསྟུད་མར་ཆག་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ལོ་བསྟུད་མར་99%ཡན་ཟིན་པ་དང་མོས་ཚད་མཐོ་པོར་རྒྱུན་འཁྱོངས་ཐུབ་ཡོད།

    —— སྐྱེ་ཁམས་ཤེས་དཔལ་ལྡན་པའི་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། “གཙང་གཉིས་ཆུ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གཞི་སྤེལ་འགོ་བཙུགས་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཆུ་དཔོན་ལམ་ལུགས་བཟོས་པ་དང་། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་བཙོག་སྐྱོན་འགོག་བཅོས་ཕྱོགས་ཡོངས་ནས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ཀྱི་མ་ལག་ཐོག་མའི་ཆར་གྲུབ་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། ས་གནས(གྲོང་ཁྱེར)7གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཆ་སྙོམས་བཟང་ཚད་95%ཡན་ཟིན་ཡོད། སྐྱེ་ཁམས་མ་ལག་སྐྱོན་མེད་བཟང་འཁྱོངས་ཐུབ་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་པོ་བཟོས་ཡོད།

    འཐུས་མི་རྣམ་པ། ལོ་ལྔའི་རིང་། ང་ཚོས་སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་བཅངས་བ་དང་། སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་འབད་འཐབ་དམིགས་ཚད་དུ་བྱས་པ། སྔ་ཕྱི་བར་གསུམ་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་པ། སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་ལ་དམ་འཛིན་བྱས་ཡོད།

    གཅིག རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཤུགས་ཆེན་བྱས་པ།

    99%ཡི་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་6.5ནས་སྤྱི་ལེ་ཁྲི་9བར་འཕར་བ་དང་། རིམ་མཐོའི་གཞུང་ལམ་སྤྱི་ལེ་37ནས་སྤྱི་ལེ་660བར་འཕར་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་རྩ་བའི་ཆར་བཟོས་ཟིན་ནས་འཁོར་རིགས་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་ལྕགས་ལམ་བཟོས་ནས་ལས་གཉེར་བྱས་པ། ལྷ་ཉིང་ལྕགས་ལམ་བཟོ་མགྱོགས་སུ་བཏང་བ། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་37ནས་79བར་མང་དུ་སོང་བ། ཤང་གྲོང་ཡོངས་ལ་སྦྲག་སྲིད་དྲ་ཚིགས་ཁེབས་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། གློག་ཤུགས་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་309ཟིན་པ་དང་། རྫོང(ཆུས)ཁག་62ལ་གློག་དྲ་ཨ་མ་ཁེབས་ཤིང་། མི་འབོར་ཁྲི་199ལ་གློག་སྤྱོད་ཐུབ་པ་དང་གློག་སྤྱོད་ཆ་རྐྱེན་ལེགས་སུ་བཏང་ཡོད། ཤངས་ཆུ་སོགས་ཆུ་བེད་ལྟེ་བའི་གཙོ་གནད་ལས་གྲྭ་སྔ་རྗེས་སུ་འགོ་བཙུགས་པ་དང་ཞིང་ཁའི་ནུས་ལྡན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་184.5གསར་བཟོ་དང་ལེགས་བཅོས་བྱས་ཡོད། སྒྲིག་ཚུད་གྲོང་ཚོ་ཆ་ཚང་ལ་སྒུལ་འཕྲིན་བརྡ་རྟགས་ཁེབས་པ་དང་། དྲ་ཆེན་ཤར་གཏོང་ཐུབ་ཚད་85%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་། ཆུ་འདོན་ཆུ་འགྲོ་སོགས་ཀྱི་གྲོང་ལས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་དུ་ལེགས་སུ་སོང་བ། གྲོང་ཁྱེར་དང་གྲོང་རྡལ་གཙོ་ཆེ་དང་ས་བབ་མཐོ་བའི་རྫོང་ལ་དྲོད་གཏོང་ལས་གྲྭ་བསྐྲུན་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    གཉིས། བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེ་བཏང་བ།

    “གློད་སྡོམ་ཞབས་གསུམ”བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དབང་འགན་གསལ་ཐོ་དང་། བབ་བསྟུན་ལེགས་སྒྲིག ནུས་པ་རྒྱུན་ཐོན་གྱི་དོ་དམ་བཅས་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཡོད། རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་ཁག་58.7%ཁུ་བསྡུ་བྱས་ཡོད། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཤུགས་ཆེ་བྱས་ཏེ་ཁེ་ལས་དང་འབྲེལ་བའི་ལག་ཁྱེར་རིགས“བཅོ་བརྒྱད་གཅིག་ལ་སྒྲིལ་བ”དང་། རིགས་ཁག་གི་ཁྲོམ་ར་གཉེར་མཁན་ཐེམ་དུད་ཁྲི་12.4ནས་ཁྲི་22.7བར་མང་དུ་སོང་ཡོད། སྔོན་རྩིས་བཟོ་འགོད་བསྒྱུར་བཅོས་བྱེད་རྒྱུ་དང་རྒྱལ་མཛོད་ནས་གཅིག་གྱུར་གཏོང་སྤྲོད་བསྒྱུར་བཅོས་བྱེད་རྒྱུ་ཧུར་ཐག་སྤེལ་བ་དང་། གཉེར་ཁྲལ་འཕར་ཁྲལ་ལ་སྒྱུར་བ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་སོགས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་ཞིང་། སྲིད་གཞུང་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་གྲངས་ཁག་324བར་མང་དུ་བཏང་ཡོད། དངུལ་རྩས་རྒྱབ་སྐུལ་བྱེད་རྒྱུར་སྐུལ་འདེད་རྒྱུན་མཐུད་བཏང་ཞིང་། 2017ལོར་དངུལ་རྩ་ཚན་པའི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་འབོར་སྒོར་དུང་ཕྱུར་4043.6ཟིན་ཡོད། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་ཁག་གསུམ་བསྒྱུར་བཅོས་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཞིང་། གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ནགས་དབང་གཏའ་འཇོག་དངུལ་བུན་དང་གྲོང་གསེབ་ཀྱི་རྨོ་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་གཏའ་འཇོག་དངུལ་བུན་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་ཡོད། བོད་མཚོ་བཟོ་ལས་གླིང་ཁུལ་དང་། ལྷ་སའི་མཐོ་གསར་ཁུལ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་སོགས་གསར་སྐྲུན་བྱས་ཡོད། སྡེབ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་1463ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་154.8དོན་འཁྱོལ་བྱུང་ཡོད། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཞིང་། ས་གནས་ཁག་གི་ཀུན་གཏོད་བར་སྟོང་དང་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི་སོགས་ཀྱི་ལས་སྟེགས་དེ་གསར་གཏོད་ལས་གཏོད་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་འབྲེལ་མཐུད་བྱས་ཏེ་ཀྲུང་ནེའི་ས་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ཨེ་ཤ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི(ལྷ་སའི)ཞིབ་འཇུག་ལྟེ་གནས་བཙུགས་ཡོད། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་གཉེར་སྒྲུབ་དོན་སྨིན་བྱུང་སྟེ་སྡེབ་རྩིས་བྱས་ན་གྲོས་དན་མིང་རྟགས་བཀོད་པའི་རྣམ་གྲངས་ཁག་311ཟིན་ཡོད།

    གསུམ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཤུགས་ཆེ་བྱས་པ།

    དབུལ་སྒྲོལ་འགག་སྒྲོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ལོ་ལྔའི་ནང་དབུལ་ཕོངས་མི་ཁྲི་53ཉུང་དུ་སོང་ཡོད། 2016ལོར་བོད་ལྗོངས་འདི་ཉིད་ཀྲུང་དབྱང་ནས་དབུལ་སྐྱོར་ལས་དོན་གྱི་ཕྱོགས་བསྡུས་གདེང་འཇོག་བཟང་བའི་ཞིང་ལྗོངས་8ཀྱི་གྲས་སུ་བདམས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྩ་བའི་ཆར་བཟོས་པ་དང་། ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་33ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་གྲོན་དངུལ་གྱི་ཚད་གཞི་དང་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་ཤུགས་ཆེ་སོང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་མང་ཚོགས་ཡོངས་ལ་ཁེབས་པ། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་གཅིག་སྡུད་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་རྒྱུ་སྔོན་ལ་ལེགས་གྲུབ་བྱུང་ཡོད། རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཚང་སྒྲིག་སྡོད་ཁང་(དུད་ཚང་)ཁྲི་21.8གསར་རྒྱག་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ཉེན་ཆེའི་སྡོད་ཁང་བསྒྱུར་བཅོས་བྱས་པ་དུད་ཚང་ཁྲི་14.7ཟིན་ཡོད། ལས་ཞུགས་གནས་བབ་སྤྱི་ཡོངས་ནས་བརྟན་འཁྱོངས་ཐུབ་ཅིང་། སྡེབ་རྩིས་བྱས་ན་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་21.9གསར་སྣོན་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་518.5ཁ་སྒྱུར་ཐུབ་པ། མཐོ་རིམ་སློབ་ཐོན་སློབ་མ་སྡེབ་རྩིས་བྱས་ན་མི་ཁྲི་7.7ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གཅིག་རྐྱང་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཅས་བྱས་ཡོད། རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཞིང་། གཞུང་བཙུགས་ཀྱིས་གཙོ་བོ་བྱས་པའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་མ་བྱས་གོང་གི་སྐད་གཉིས་སློབ་གསོའི་དྲ་རྒྱ་རྩ་བའི་ཆར་ཆགས་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཁག་51ལ་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བའི་རྒྱལ་ཁབ་ཀྱི་ཚོད་སྐོར་ཁས་ལེན་བྱུང་ཐོག སློབ་ཆུང་དང་དམའ་འབྲིང་གི་སློབ་ཞུགས་བྱེད་ཚད་ཁག་སོ་སོར་99.5%དང་99.3%ཟིན་ཡོད། གཞི་རྩའི་སྨན་བཅོས་ཀྱི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་གཞི་རྩའི་འཛུགས་སྐྲུན་དང་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་1000ལྷག་ཙམ་ལག་བསྟར་བྱས་ཐོག ལྗོངས་ཡོངས་སུ་རིམ་ཁག་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ཁག་1476ཟིན་པ་དང་། མི་སྟོང་རེར་ནད་ཁྲི་4.5དང་འཕྲོད་བསྟེན་ལག་རྩལ་པ་4.6ཟིན་གྱི་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་གསར་པ་བྱུང་ཡོད། ས་ཡོམ་དང་གནམ་གཤིས་སོགས་ཐད་ཀྱི་ཕྱོགས་བསྡུས་གནོད་འགོག་གེགས་སེལ་དང་རོགས་སྐྱོབ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྡོམ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཆེད་དམིགས་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན་མང་ཚོགས་ཀྱིས་ད་ཡོད་ཀྱི་འཚོ་བར་བློ་མོས་བྱུང་ཚད་97%ལྷག་ཙམ་ཟིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་ཡིད་ཆེས་བྱེད་ཚད་97.3%ཟིན་ཡོད།

    བཞི། ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ།

    ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཞིང་། ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོའི་ལས་ཀར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་སྡེབ་རྩིས་བྱས་ན་ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་185ཟིན་པ་དང་། འབྲུ་རིགས་ཐོན་འབོར་ཐེངས་དང་པོར་ཀྲོན་ཁྲི་100ལྷག་ཙམ་ཟིན་པ། འབྲི་གཡག་དུས་ཐུང་རྒྱགས་གསོའི་དཔེ་མཚོན་རྫོང་ཁག་7བཙུགས་ཡོད། ཞིང་འབྲོག་ཐོན་རྫས་བཟོ་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་36ཟིན་ཡོད། སྒོར་དུང་ཕྱུར་110ཟིན་པའི་སྲིད་གཞུང་གི་མ་འཇོག་ཐེབས་རྩ་བཙུགས་ཏེ་ཡུལ་སྐོར་རིག་གནས་དང་། དྭངས་གཙང་ནུས་རྒྱུ། ས་གཙང་བདེ་ཐང་། རང་བྱུང་འཐུང་ཆུ། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆ་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། “བོད་ཀྱི་ཆུ་བཟང”ལོ་རེའི་ཚོང་སྒྱུར་ཀྲོན་ཁྲི་80ལྷག་ཙམ་ཟིན་ཡོད། 2015ལོ་ཚུན་དུ་དྭངས་གཙང་གློག་ཤུགས་ཕྱི་འདྲེན་བྱས་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་21.8ཟིན་ཡོད། ཁུལ་ཡོངས་ཡུལ་སྐོར་ལ་དམིགས་ནས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གྲགས་རྟགས་བཏོད་ཅིང་། ལོ་ལྔའི་ནང་སྡེབ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་ཡོད། ཐོན་ལས་གཉིས་པ་དང་གསུམ་པའི་ལས་གཉེར་མི་སྣས་ལྗོངས་ཡོངས་ཀྱི་ལས་གཉེར་མི་སྣའི་ནང་བཟུང་བའི་བསྡུར་ཚད་62%ལྷག་ཙམ་ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།