[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རང་ལྗོངས་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-12

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་དུ་ཆ་འཕྲིན་ཅན་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་ཚང་མར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

    ཆེ་དགྲ་ལྷས་སྔ་རྗེས་སུ་ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་། ལྷ་ས་གྲོང་ཁྱེར་གྲོང་མི་ཞབས་ཞུ་ལྟེ་གནས། རང་སྐྱོང་ལྗོངས་དྲ་སྦྲེལ+སྲིད་དོན་ཞབས་ཞུའི་འཕྲུལ་ཁང་། གཅིག་གྱུར་གྱི་རྨང་གཞིའི་སྤྲིན་ཚོགས་ལས་སྟེགས་འཕྲུལ་ཁང་། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་རེད། ལྷ་ས་གྲོང་ཁྱེར་གྲོང་མི་ཞབས་ཞུ་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཀྱང་གོ་རིམ་ལྡན་པ་ཞིག་ཡོད།

    ཆེ་དགྲ་ལྷས་གྲོང་མི་དང་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་འབྲེལ་ལས་སྒྲུབ་བརྒྱུད་རིམ་དང་ལས་སྒྲུབ་དུས་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་མང་ཚོགས་ཀྱི་དོན་དག་ཐག་གཅོད་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ནི་སྲིད་དོན་ཞབས་ཞུ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་པ་བརྟན་པོ་བཙུགས་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་མང་ཚོགས་ཀྱི་དགོས་མཁོ་ལེགས་པར་སྐོང་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བརྒྱུད་ཡུལ་སྨད་ཤང་གི་ལས་བྱེད་པ་དང་གྲོང་མི་དང་བརྙན་ལམ་སྦྲེལ་མཐུད་གནང་བ་རེད། ཆེ་དགྲ་ལྷས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་དེ་ཡུལ་སྨད་ཀྱི་མང་ཚོགས་ཙམ་མ་ཡིན་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་བཀའ་མངགས་གལ་ཆེན་གནང་བ་ཞིག་དང་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་གནང་བ་ཞིག་ཀྱང་ཡིན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཡུལ་མི་སྤུན་ཟླ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དག་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པའི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་། འབད་བསྐྱར་འབད་ཀྱིས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་པའི’ཚད་ཤིང་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས། ཡུལ་སྨད་ཀྱི་མང་ཚོགས་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཡུལ་སྨད་དུ་གཞི་ཚུགས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་བསལ་ཐུགས་ཁུར་ལ་བཀའ་དྲིན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།