[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་ས་གནས་ས་ཐོག་ཏུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་སྒྲུབ་རྒྱུར་ལྟ་སྐུལ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-10

    ཚེས་7ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལས་དོན་སྒྲུབ་རྒྱུར་ལྟ་སྐུལ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་སྣོད་བཅུད་ཤེས་དཔལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་བློ་ལ་བརྟན་པོར་ངེས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་དག་ཐེར་བྱེད་པ་བཅས་ཀྱི་སྒོ་ནས་ཚུར་ལན་གནད་དོན་ཇི་མ་ཇི་བཞིན་དག་ཐེར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷན་དུ་ཕེབས་པ་རེད།

    འདི་ལོའི་ལོ་འགོར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་དྲུག་པས་རང་ལྗོངས་ལ་ལྟ་བཤེར་བསམ་འཆར་ཚུར་ལན་བསྐྱལ་ནས་མལ་གྲོ་གུང་དཀར་རྫོང་རྒྱ་མ་གཏེར་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་སྤྱིའི་བླང་བྱར་ནན་པོ་གཞིགས་ཏེ། འཕྲལ་དུ་བཀོད་སྒྲིག་དང་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རིམ་ཁག་སྡེ་ཚན་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་གནད་དོན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ནན་ཏན་བྱས་ནས་དག་ཐེར་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    བརྟག་ཞིབ་གནང་རིང་། ཆེ་དགྲ་ལྷས་ས་ཆ་དངོས་སུ་ཕེབས་ནས་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་དག་ཐེར་དང་སྣོད་བཅུད་སླར་གསོ་བཅོས་སྐྱོང་བྱས་ཚུལ་ལ་གཟིགས་པ་མ་ཟད། ཞིབ་ཕྲའི་གནད་དོན་ལ་མཛུབ་ཁྲིད་བསམ་འཆར་ཡང་བཏོན་ནས་དག་ཐེར་བྱེད་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། ཁོང་གིས་ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚུར་ལན་གནད་དོན་དག་ཐེར་གྱི་གསལ་ཐོ་རེ་རེ་བཞིན་ཞིབ་བསྡུར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ། རང་གིས་རང་ལ་གནོན་ཤུགས་སྤྲོད་པ་བཅས་བྱས་ནས་ཚད་གཞི་ནན་ཤོས་གཞིར་བཟུང་བློ་ཐག་ཆོད་པོས་དག་ཐེར་དང་། ཁྱོན་ཡོངས་ནས་དག་ཐེར། དག་ཐེར་མཐར་ཕྱིན་པ་བཅས་བྱས་ཏེ་མགོ་ཐར་དཔུང་ཐར་བྱེད་ས་རྩ་བ་ནས་མེད་པ་བཟོས་ནས་ཚུར་ལན་གནད་དོན་ཚང་མ་དོན་འཁྱོལ་ཡོང་བ་དང་ལས་དོན་ཚང་མར་འབྲས་བུ་ཐོན་པ་བྱས་ཏེ་ཞིབ་བཤེར་རྩིས་ལེན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཚད་གཞི་མཐོ་པོས་སྣོད་བཅུད་སླར་གསོ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྗང་མདོག་ཐོན་ཁུངས་འབེལ་དུ་གཏོང་དགོས། དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་ཡོངས་བསྒྲགས་དང་། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་ཀྱི་དོ་ཁུར་དང་རེ་སྒུག་ལ་བརྡ་ལན་སློག་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དོན་སྤྱི་སྒྲུབ་དང་ཁུར་མཉམ་ལེན་དང་མཉམ་དུ་དག་ཐེར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།