[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

    ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས་གཙོ་བོ་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་1ཚེས་5ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་བགྲོ་གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་འགལ་བའི་གནད་དོན་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་དེ་བཞིན་ལག་བསྟར་བསམ་འཆར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་དང་། 《རང་ལྗོངས་ཀྱི་གཅིག་གྱུར་ཁྲིམས་འཛིན་དཔྱད་སྡོམ་གྱི་དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《ཁྲིམས་རྩོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》སོགས་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

    ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟླ་1ཚེས་5ཉིན་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་། ཁོངས་མིའི་ཚན་ཁག་གིས་སློབ་སྦྱོང་ནན་ཏན་བྱེད་པ། སྡེ་ཚན་དང་ཚན་པས་ཚང་མ་གཏིང་ཟབ་སྦྱོང་བ་བཅས་མཐའ་འཁྱོངས་བྱེད་པ། གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཟབ་མོའི་ཐོག་ནས་སྲིད་ཁྲིམས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།