[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧྲང་ཧའེ་སྐུ་ཚབ་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ།

    ​ དབྱིན་ཧུང་གིས་སྣེ་ཁྲིད་པ་དང་ཏིང་ཡེ་ཤན་གྱིས་ཕེབས་རོགས་ཞུས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-13

    ཟླ་9ཚེས་7ནས་10ཉིན་བར་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱིན་ཧུང་གིས་སྣེ་ཁྲིད་གནང་བའི་ཧྲང་ཧའེ་སྐུ་ཚབ་ཚོགས་པས་ཁ་གཏད་བོད་སྐྱོར་ལས་དོན་ཐད་སྔར་བས་ཤུགས་སྣོན་རྒྱག་ཆེད་བོད་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཧྲང་ཧའེ་གྲོང་ཁྱེར་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་རྟོག་ཞིབ་གནང་སྐབས་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    བོད་དུ་བཞུགས་རིང་དབྱི་ཧུང་དང་བཅས་པས་ལྷ་ས་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་ལ་འཚམས་འདྲི་གནང་བ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེའི་དོ་དམ་ལས་དོན་གསར་གཏོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཀྱང་གནང་བ་རེད།

    བོད་དུ་བཅའ་སྡོད་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་དོན་གཅོད་ཁྲུའུ་ཡི་ལས་དོན་མི་སྣར་གཟིགས་པ་རེད། གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ཏེ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གསར་པ། རྒྱལ་རྩེ་རྫོང་མིན་ཧང་སློབ་འབྲིང་། རོང་ས་དམར་པོའི་ཞིང་ལས་དཔེ་སྟོན་གླིང་བཅས་དང་དེ་བཞིན་ས་སྐྱ་དང་། ལྷ་རྩེ། དིང་རི་སོགས་རྫོང་དུ་ཕེབས་ནས་དམངས་འཚོའི་རོགས་སྐྱོར་ལས་དོན་སྤེལ་ཚུལ་ཤེས་རྟོགས་གཏིང་ཟབ་གནང་བ་དང་འབྲེལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་ཚུལ་སྙན་ཞུ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་སྦྲགས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ཚེས་7ཉིན་གྱི་ཕྱི་དྲོ། ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། དབྱི་ཧུང་གིས་ཚོགས་འདུའི་ཐོག་ཁ་གཏད་བོད་སྐྱོར་ཡག་པོ་བྱེད་པ་ནི་ཧྲང་ཧའེ་ཡི་གཟི་བརྗིད་འོས་འགན་ཞིག་རེད། བོད་སྐྱོར་ལས་བྱེད་པ་རྙིང་པ་ཞིག་ཡིན་པའི་ང་ད་ཐེངས་བོད་དུ་འབྱོར་སྐབས་བོད་ལྗོངས་དང་ལྷག་པར་དུ་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་དང་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་ཀྱི་རྣམ་པ་ཟབ་མོ་མཐོང་བྱུང་ཞེས་གསུངས་ཤིང་། ཁོང་གིས་ཧྲང་ཧའེ་གྲོང་ཁྱེར་གྱིས་ངེས་པར་དུ་ང་ཚོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་ཤིག་ཡིན་པའི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ས་གནས་དེ་གའི་དོན་དངོས་ལ་དམིགས་པ་དང་། ལས་ཀའི་གཙོ་གནད་ལ་དམིགས་ནས་སྔ་བར་ཕྱི་གསུམ་དུ“ཞབས་འདེགས་གཉིས”དང“གཅིག་གྱུར་གཉིས”མཐའ་འཁྱོངས་ཀྱིས་ཁ་གཏད་བོད་སྐྱོར་ལས་འགན་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་གྲུབ་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས།

    དབྱི་ཧུང་གིས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་དཔུང་ཁག་བསྐྲུན་རྒྱུར་མཐོང་ཆེན་བྱས་ཏེ་ཁུར་པོ་ལྕི་རུ་གཏོང་བ་དང་ལས་འགན་སྤྲོད་པ། བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་ཁོ་ཚོས་དེ་བས་ལེགས་པའི་སྒོ་ནས་ལས་འགན་སྒྲུབ་པ་དང་སྦྱོང་བརྡར་ཁྲོད་འཚར་ལོངས་ཡོང་བའི་རེ་བ་ཡོད་ཅེས་གསུངས།

    ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ཧྲང་ཧའེ་མི་དམངས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་གཞིས་རྩེར་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཁོང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་ཁ་གཏད་བོད་སྐྱོར་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ། ཕྱོགས་མང་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱིས་བོད་སྐྱོར་ལས་དོན་སྤེལ་བ་མ་ཟད་ཧྲང་ཧའེ་ཡི་ཁྱད་ཆོས་ལྡན་པའི་བོད་སྐྱོར་ལས་ཀའི་བྱེད་ཐབས་བཏོད་པས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཁར་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱིས་ཆབ་སྲིད་དང་ལམ་ལུགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་པ་དང་། ཤེས་ལྡན་མི་སྣར་བརྟེན་ནས་བོད་སྐྱོར། ཁྲོམ་ར་སྦྲེལ་མཐུད། ཐོན་ལས་ཐད་གཉིས་ཁེ་གཉིས་ཕན། མི་ཤུགས་ཐོན་ཁུངས་གསོ་སྦྱོང་། ལས་ཞུགས་སོགས་ཀྱི་ཐད་དེ་བས་ཁ་གཏད་རོགས་སྐྱོར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྲུན་པར་ཤུགས་སྣོན་བརྒྱབ་ནས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།