[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཆེ་དགྲ་ལྷས་རྒྱ་ཆེའི་དགེ་རྒན་གྱི་འཐུས་མི་དང་མཉམ་དུ་དགེ་རྒན་དུས་ཆེན་ཐེངས་སོ་གསུམ་པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-12

    དགེ་རྒན་དུས་ཆེན་ཐེངས་སོ་གསུམ་པ་འཆར་ལ་ཉེ་བའི་མཚམས་ཀྱི་ཚེས་8ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཉིང་ཁྲི་གྲོང་ཁྱེར་དུ་དགེ་རྒན་དང་ལས་བཟོར་བྱམས་བརྩེའི་ངང་གཟིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཟོལ་མེད་ཀྱི་འཚམས་འདྲིའང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤིང་རྩ་བསྟན་འཛིན་ཆོས་གྲགས་དང་ཚེ་དབང་སྟོབས་རྒྱལ་ལྷན་དུ་ཕེབས་ཡོད་པ་རེད།

    “ཚང་མ་དུས་ཆེན་སྤྲོ་པོ་ཡོང་བར་ཤོག”ཅེས་ས་ཆ་རེ་རེར་ཕེབས་རིམ་བཞིན་ཆེ་དགྲ་ལྷས་དགེ་རྒན་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་ནས་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཆེ་དགྲ་ལྷས་སློབ་གཉེར་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།

    ཁོང་གིས་དགེ་རྒན་ཚོས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་གཞིགས་ནས། ལག་ལེན་དང་ཟུང་འབྲེལ་ཐུབ་པའི་དཔྱད་རྩོམ་བྲིས་ནས་དེའི་གྲུབ་འབྲས་ཀྱིས་མི་སེར་ཚོར་ཕན་འདོགས་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དངོས་སྦྱོང་རྟེན་གཞིར། ཆེ་དགྲ་ལྷས་སྣེ་ཤན་པའི་གསོ་སྦྱོང་བྱེད་བཞིན་པའི་དགེ་སློབ་དང་གླེང་མོལ་གནང་ནས་སློབ་མ་ཚོས་དགེ་རྒན་ལ་བརྩི་བཀུར་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་ལས་ཞུགས་ལས་གཏོད་ལ་རྨང་གཞི་བཟང་པོ་འདིང་བ་དང་། ཁྱིམ་ཚང་དང་སྤྱི་ཚོགས་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། དགེ་རྒན་བློ་བཟང་ཕུན་ཚོགས་དང་ཧའེ་ཅིང་རུང་གི་ཁྱིམ་དུ་ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དགེ་རྒན་གྱི་ལས་དོན་དང་། སློབ་སྦྱོང་། འཚོ་བ་བཅས་ལ་མུ་མཐུད་སེམས་ཁུར་བྱས་ཏེ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་སྲོལ་བཟང་དུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    དེ་རྗེས་ཆེ་དགྲ་ལྷས་ཉིང་ཁྲི་གྲོང་ཁྱེར་གྱི་དགེ་རྒན་དང་ལས་བཟོ་དང་བཞུགས་མོལ་གནང་བ་རེད། སློབ་སྤྱི་དང་། དགེ་རྒན། ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་དགེ་རྒན་གྱི་འཐུས་མི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཁོང་ཚོས་སློབ་གསོ་དོ་དམ་དང་། དཔེ་ཁྲིད་མི་སྐྱོང་། ཕུགས་བསམ་དོན་གཉེར། སློབ་སྦྱོང་འཚོ་བ་བཅས་ཀྱི་སྐོར་གླེང་བ་དང་། ཆེ་དགྲ་ལྷས་གཟབ་ནན་ངང་གསན་པ་དང་ཟིན་བྲིས་ནན་ཏན་བསྐྱོན་པ་དང་འབྲེལ་བར་བར་དུ་ཁོང་ཚོ་དང་གླེང་མོལ་ཡང་གནང་བ་རེད།

    ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད་པའི་འགག་རྩ་དེ་ཤེས་ལྡན་མི་སྣ་དང་སློབ་གསོར་ཐུག་ཡོད། རྒྱ་ཆེའི་དགེ་རྒན་ཚོས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་ཏང་གི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་འཁུར་བ་དང་། སློབ་ཁང་དང་འཆད་སྟེགས་ཡག་པོ་སྤྱོད་པ། སློབ་གྲྭའི་འཐབ་ས་ཡག་པོ་སྤྱོད་པ། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ། ལྷ་མེད་སྨྲ་བའི་སློབ་གསོ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བའི་བླང་བྱ་དེ་སློབ་མ་ཡོངས་ཀྱི་ལུས་ཐོག་ཏུ་མངོན་པ་དང་སློབ་ཚན་རེ་རེའི་སློབ་ཁྲིད་ནང་མངོན་པར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་གསོ་སྐྱོང་དང་། གསོ་སྦྱོང་། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་པ་དང་། རྒྱལ་གཅེས་བརྩེ་སེམས་སྐྱེད་སྲིང་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་མི་རིགས་ཁག་གི་དགེ་སློབ་འདུ་ཤེས་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་བྱས་ཏེ་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་དང་སྡེ་ཚན་ཁག་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དེ་ཕུགས་ཀྱི་ཐབས་ཇུས་ལ་བརྩིས་ནས་དགེ་རྒན་དང་སློབ་གསོའི་དར་རྒྱས་བྱ་སྤྱོད་འཆར་གཞི་ལག་ལེན་མགྱོགས་མྱུར་བསྟར་བ་དང་། ལངས་ཕྱོགས་བརྟན་པ་དང་། དགེ་རྒན་གྱི་ཀུན་སྤྱོད་བཟང་བ། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་པ། ཕུལ་བྱུང་མི་སྣར་བརྟེན་ནས་ཕུལ་བྱུང་མི་སྣ་དེ་བས་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་རྨང་གཞི་དེ་བས་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།