[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་ཡུལ་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-15

    ཟླ་7ཚེས་12ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་དང་། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མིན་གྱིས་རང་སྐྱོང་ལྗོངས་ཡིག་རྒྱུགས་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་2017ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་སྤེལ་ཡུལ་དུ་སྐོར་གཟིགས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོའུ་ཅུན་ལྷན་དུ་ཕེབས་ཡོད་པ་རེད།

    སློབ་མ་བསྡུ་ཡུལ་དུ་ཧྥང་ལིང་མིན་གྱིས་ཡིག་ཚགས་འདོན་སྤྲོད་དོ་དམ་ཚོགས་ཆུང་དང་བློ་འདྲིའི་ཚོགས་ཆུང་སོགས་ཚོགས་ཆུང་གི་འགན་འཁུར་བ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་ལས་དོན་ཚོགས་ཆུང་ཁག་གི་ལས་ཀའི་བརྒྱུད་རིམ་དང་སློབ་བསྡུའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་ལས་དོན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དུས་མཚམས་གོང་མའི་སློབ་བསྡུའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཧྥང་ལིང་མིན་གྱིས་གཅིག་ནས་འདྲ་མཉམ་དང་། དྲང་གཞག ཡོངས་བསྒྲགས་བཅས་མཐའ་འཁྱོངས་བྱས་ཏེ་སློབ་བསྡུའི་ལས་དོན་གྱི་གོ་རིམ་ལ་ནན་པོར་གཞིགས་ནས་ལས་དོན་ཚང་མ་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་ལས་ཀར་ནོར་འཁྲུལ་གཏན་ནས་མི་ཤོར་བ་བྱེད་དགོས་པ་དང་། གཉིས་ནས་སློབ་བསྡུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་སློབ་བསྡུའི་སྒྲིག་ལམ་ནན་པོ་སྲུང་སྟེ་རང་རྟོགས་ངང་སློབ་མ་བསྡུ་བའི་ལམ་ལུགས་ཀྱི་ནན་པོའི་རང་བཞིན་སྲུང་སྐྱོང་བྱེད་དགོས་པ། གསུམ་ནས་མཐུན་སྦྱོར་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་སློབ་བསྡུའི་ལས་དོན་ལ་སློབ་གསོ་པུའི་ཐུགས་ཁུར་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་ཐབས་བྱས་ནས་ཆ་རྐྱེན་འཛོམས་པའི་སློབ་མ་སྔར་ལས་མང་བའི་སློབ་གྲྭ་ཆེ་མོ་འགྲིམ་པའི་ཕུགས་འདུན་འགྲུབ་ཐུབ་པ་བྱེད་དགོས་པ། བཞི་ནས་དྲིལ་བསྒྲགས་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཆ་འཕྲིན་ཡོངས་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ་དང་དུས་ཐོག་དང་ཡང་དག་པའི་ངང་སློབ་བསྡུའི་མཇུག་འབྲས་ཚགས་པར་དང་དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་སློབ་མ་དང་ཁྱིམ་བདག་ལ་ལན་སྤྲོད་དགོས་པ། ལྔ་ནས་ཞབས་ཞུའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ་དང་དུས་ཐོག་ཏུ་སློབ་མ་དང་ཁྱིམ་བདག་གི་དོགས་གནད་སེལ་ནས་སློབ་བསྡུའི་ལས་དོན་ཧྲིལ་པོར་རྒྱུགས་སྤྲོད་སློབ་མ་དང་། སློབ་གྲྭ སྤྱི་ཚོགས་བཅས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།