[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་ཀྱི་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

    ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-15

     ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་གཞིར་བཟུང་ཉེ་དུས་རང་ལྗོངས་ཀྱི་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མོང་ཏེ་ལི་དང་། སྐལ་བཟང་ཚེ་རིང་། རྒྱལ་མཚན། ཀྲང་ཡུང་ཙེ། ཀྲོའུ་ཧྲེང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ“ཚད་མཐོའི་དོགས་ཟོན་མུ་མཐུད་རྒྱུན་འཁྱོངས་དང་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་གང་ཐུབ་ཅི་ཐུབ་ཀྱིས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱར་ནན་པོར་གཞིགས་ཏེ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བྱེད་བའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། འབྲུབ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་འབྲུབ་འགོག་གེགས་སེལ་ལས་དོན་གྱི་གནས་བབ་དང་པོར་འཇོག་པ། དུས་རྟག་ཏུ་དོགས་ཟོན་ཆེར་བསྐྱེད་ཀྱིས་ལྷོད་གཡེང་གི་བསམ་བློ་དང་རྨོངས་ཚོད་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མ་བྱུང་སྔོན་འགོག་དང་། གཙོ་གནད་མངོན་གསལ། ལས་བགོས་འགན་འཁུར། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྷག་པར་དུ་ཆུ་རྫིང་དང་། ཆུ་རགས། གཏེར་རི། ལས་ཡུལ། ཉེན་ཡོད་སྡོད་ཁང་རྙིང་པ། གཞུང་ལམ་དང་ལྕགས་ལམ་རྒྱུད། ཡུལ་སྐོར་མཛེས་ལྗོངས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་ཉར་ཚགས་སྐྱེལ་འདྲེན་སོགས་གནས་གལ་ཆེན་དང་། གཙོ་གནད་ལས་རིགས། མི་སྣ་འདུས་སྡོད་ཁུལ་བཅས་ལ་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གྲལ་བཤེར་ཐུབ་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་རིམ་གྱིས་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་འགན་འཁྲི་དང་། བྱེད་ཐབས། སྔོན་འགོག་བཅས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ་དང་། འཕྲལ་སྡོམ་སྔོན་ཇུས་སྔར་བས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་བཏང་ནས་དམིགས་ས་ཡོད་པའི་སྒོ་ནས་ཉེན་སེལ་གེགས་སེལ་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་དགོས་པ། ད་ཡོད་ཀྱི་ཆུ་བེད་ལས་གྲྭའི་འབྲུབ་འགོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གཙང་པོ་དང་། ཆུ་བོ་མཚེའུ་ཆུ་མཛོད་བཅས་སྲུང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ། འབྲེལ་ཡོད་གེགས་སེལ་དངོས་ཟོག་དང་སྒྲིག་ཆས་སོགས་གྲ་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་ནས་རིགས་ཁག་གི་འཕྲལ་སྡོམ་རོགས་སྐྱོར་དཔུང་ཁག་གིས་དམག་གྲ་སྒྲིག་དགོས་པ། ཆ་ཤས་རང་བཞིན་དང་ཐོལ་བྱུང་རང་བཞིན་གྱི་གནོད་འཚེའི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་བྱས་ཏེ་འབྲུབ་འགོག་གེགས་སེལ་ལས་དོན་ལ་ཁུངས་བཙན་པའི་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་པ་དང་གནོད་འཚེའི་གནས་ཚུལ་ཐོན་མ་ཐག་འཕྲལ་དུ་གེགས་སེལ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་དང་འཕྲལ་དུ་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ་གནོད་འཚེའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    ཆེ་དགྲ་ལྷས་གྲོང་ཁྱེར(ས་ཁུལ)ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འཐབ་ས་དང་པོར་བཀོད་འདོམས་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཐུན་མོང་ཐོག་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་དགོས་པ། ཆུ་ཚོད་24ཡི་སྡོད་བྱའི་ལམ་ལུགས་སྔར་བས་དོན་འཁྱོལ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྡོད་བྱ་སྣེ་ཁྲིད་བྱས་ནས་ཆ་འཕྲིན་འབྲེལ་མཐུད་དང་འབྲེལ་གཏུག་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པ། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་གཅིག་གྱུར་བཀོད་འདོམས་མཐའ་གཅིག་ཏུ་དང་ལེན་ཞུས་ནས་གང་གསུང་དེ་སྒྲུབ་དང་གང་བཀག་དེ་འགག་ཐུབ་པའི་འགན་ལེན་བྱེད་དགོས་པ། རིམ་ཁག་འཕྲལ་སྡོམ་གཞུང་ལས་ཁང་དང་གེགས་འགོག་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་ཐོག་ནས་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཞན་ཆ་གསབ་ནས་མི་ཐོན་སྔོན་འགོག་བྱེད་དགོས་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཡོད་ན་ངེས་པར་དུ་སྒྲུབ་དགོས་པ་དང་འགན་འཛོལ་བྱུང་ན་འགན་འཁྲི་བདའ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ཀྱི་ཐོག་ནས་འབྲུབ་འགོག་གེགས་སེལ་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ། དུས་ཐོག་ཏུ་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་རྒྱག་པ། སྟོན་ཕྱོགས་ལ་ཡང་དག་པའི་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ། ཀུན་སེམས་གཅིག་སྒྲིལ་གྱིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།