[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • བོད་རང་སྐྱོང་ལྗོངས་ཀྱིས་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྐུལ་སློང་ཚོགས་ཆེན་འཚོགས་པ།

    འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཁྲེན་ཆོན་གོས་གསུང་བཤད་གནང་བ་དང་འབྲེལ་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྡོག་ཐོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་། པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། བློ་བཟང་རྒྱལ་མཚན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོགས་སྦྱང་གནང་བ། ཏེང་ཞའོ་ཀང་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-11-18

    226372_yis_1447735129246.jpg

    འདི་ནི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་ལག་ཁྱེར་གནང་བའི་གནས་ཚུལ་ཡིན་པ།

    226371_yis_1447735128888.jpg

    འདི་ནི་ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཐོན་གྲབས་ཡོད་པའི་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འཐུས་མིར་བྱམས་བརྩེའི་ངང་ཕྱག་གཏོང་གནང་བའི་གནས་ཚུལ་ཡིན་པ།

    ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དང་འཚོག་ཉེར་ཡོད་པའི་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དགོས་པའི་ནན་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས(ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)སྒྲོགས་སྦྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ཏིང་ཡེ་ཤན། ཝང་རུའེ་ལན། ཙེང་དབན་མིང་བཅས་ཕེབས་པ་དང་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

    ཁྲེན་ཆོན་གོས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་མངགས་གཏོང་ཚན་པ་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁྲེན་ཆོན་གོས་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་ནས་བཟུང་རིམ་ཁག་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་དབར་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་ཏེ་བློ་དཀར་གངས་ལྗོངས་ས་མཐོའི་ཡངས་པའི་ས་གཞི་ཆེ་མོར་བཅངས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་གྱིས་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེར་བཏང་ནས་བསམ་བློའི་རྨང་གཞི་བརྟན་པོ་བཏིང་བ་དང་། ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་ནས་དངོས་པོའི་རྨང་གཞི་བརྟན་དུ་བཏང་བ། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་སྤྱི་ཚོགས་རྨང་གཞི་བརྟན་དུ་བཏང་བ། ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་སེམས་ཁྲལ་བསལ་ནས་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། ལས་བྱེད་པའི་སྤྱོད་ཚུལ་ཞུན་བརྡར་ཐེབས་ཏེ་ལས་ཀའི་རྨང་གཞི་བརྟན་དུ་བཏང་བ་བཅས་རེད། གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་སུབ་ཐབས་མེད་པའི་བྱས་རྗེས་བཞག་སྟེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་བསྟན་གནང་བ་རེད།

    ཁྲེན་ཆོན་གོས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་བ་དེ་ཀྲུང་དབྱང་གི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་པ་དང་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་། བྱས་རྗེས་ཡུན་རིང་བཞག་ནས་དམིགས་ཚད་མི་འགྱུར་བ་དང་།ལས་འགན་མི་འགྱུར་བ། ལམ་སྲོལ་མི་འགྱུར་བ་བཅས་ཐུབ་པ་བྱས་ཐོག་རྒྱུན་རྣམ་ཅན་དང་། ཕུགས་ཕན་ཅན། ལམ་ལུགས་ཅན་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། གཅིག་ནི་བསམ་བློའི་ངོས་འཛིན་ཐད་རིམ་སྤོར་གསར་པ་ཡོད་དགོས་ཤིང་། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་རྒྱུ་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་འགངས་ཆེན་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེབས་ཞུ་བའི་རྩ་བའི་དགོངས་དོན་ལག་བསྟར་དང་། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲས་བུ་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་བྱེད་ཐབས་འགངས་ཆེན། “ནན་གསུམ་དྲང་གསུམ”གྱི་བླང་བྱ་དོན་འཁྱོལ་དང་། ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་འགངས་ཆེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགངས་ཆེན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་ཡུན་རིང་བདེ་འཁོད་འགན་ལེན་བཅས་ཀྱི་བྱེད་ཐབས་འགངས་ཆེན་བཅས་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། རིམ་ཁག་སྡེ་ཚན་ཁག་དང་། ཚན་པ་ཁག རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ཀྱིས་ངེས་པར་དུ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཐོག་དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ཧུར་བརྩོན་གྱི་རྣམ་འགྱུར་། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་དང་བློ་བརྟན་འགྱུར་མེད་ངང་གྲོང་ཚོར་བཅའ་སྡོད་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནི་ལས་ཀའི་དམིགས་ཚད་ཐད་ངེས་གནས་གསར་པ་ཡོད་དགོས་ཤིང་། ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་དོན་སྤེལ་བར་ངེས་པར་དུ་སྤྱིའི་བླང་བྱ་སྔར་བས་གསལ་པོ་བཟོས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་ཕྱག་བྲིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པ་མཐའ་འཁྱོངས་བྱས་ཏེ་ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་དོན་འཁྱོལ་བྱེད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་འཚོག་ཉེར་ཡོད་པའི་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྡུད་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། དམིགས་ཚད་གཙོ་བོ་སྔར་བས་གསལ་བཟོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས་བོད་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱས་ཐོག 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། ལས་འགན་གྱི་གཙོ་གནད་སྔར་བས་གསལ་བཟོ་བྱེད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་འབྱོར་འབྲིང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པའི་དམིགས་ཚད་ལ་གཞིགས་ཏེ“5+2”བྱེད་ཐུབ་པ་བྱས་ནས་སྔར་ཡོད་ཀྱི་གཙོ་གནད་ལས་འགན་ཁག་5ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཐོག་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་བཏང་ནས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས།

    གསུམ་ནི་ལས་འགན་དོན་འཁྱོལ་བྱེད་པར་ཕན་འབྲས་གསར་པ་ཡོད་དགོས་ཤིང་། ཀྲུང་དབྱང་གི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་དེ་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ལས་ཀའི་ཆབ་སྲིད་ལས་འགན་འགངས་ཆེན་ལ་བརྩི་དགོས། དུས་མཚུངས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱེད་པ་དང་། གཙོ་གནད་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བ་དང་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དེ་མང་ཚོགས་ལ་ཞབས་ཞུ་དང་། བརྟན་ལྷིང་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་ཏན་ཏིག་བསྐྲུན་དགོས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་ཤུགས་ཆེན་སྤེལ་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས་གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པ། འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་ས་མཐོའི་འདེབས་འཛུགས་དང་། གསོ་སྤེལ། ལས་སྣོན་བཅས་ཀྱི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རོགས་བྱེད་པ། ཕྱུག་འགྱུར་རྣམ་གྲངས་འཆར་འགོད་དང་ལག་བསྟར་བྱེད་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་མཉམ་ལས་རྩ་འཛུགས་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ། ཞིང་འབྲོག་པའི་དངོས་སྤྱོད་ལག་རྩལ་དང་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། ཏང་གི་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་ནས“ཀྲུང་གོའི་ཕུགས་འདུན”དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། བོད་གསར་རྙིང་བསྡུར་བ་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ། བྱ་བ་དངོས་དང་བྱ་བ་བཟང་པོ་ཡག་པོ་སྒྲུབ་ནས་སྣེ་ཁྲིད་དེ“ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་ཡག་པོ་སྤེལ་བ་དང་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ལས་ཞུགས་དང་། སྨན་པ་བསྟེན་པ། སློབ་གྲྭར་འགྲོ་བ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་ལེན། ལམ་དང་། ཆུ། གློག འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་བརྙན་འཕྲིན་བཅས་ཤར་གཏོང་ཐུབ་པ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད། ལས་ཀའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས་ཤིང་། ཕྱོགས་གཅིག་ནས་དམངས་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་བདེ་སྐྱིད་སྟོན་གྲངས་དང་ཐོབ་སེམས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གདིང་གཞི་གསལ་རྟོགས་དང་། རོགས་སྐྱོར་འགན་འཁྲི་བཟོ་བ། གནད་སྨིན་དབུལ་སྐྱོར་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས།

    ཁྲེན་ཆོན་གོས་འགན་འཁྲི་དོན་འཁྱོལ་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་མཐོང་ཆེན་བྱེད་ཚད་དང་། མི་སྣའི་སྟོབས་ཤུགས། མ་དངུལ་གཏོང་བ། ལས་ཀའི་ཕན་འབྲས་བཅས་ཁག་བཞི་ཤུགས་ཆེར་གཏོང་ཐུབ་པ་བྱེད་དགོས་པ་དང་རིམ་ཁག་འགོ་ཁྲིད་ཚོགས་ཆུང་དང་གཞུང་དོན་ཁང་གིས་རྩ་འཛུགས་ཀྱི་མཛུབ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། འབྲེལ་གཏུག ཞིབ་བཤེར་ལ་སྐུལ་འདེད། ལས་ཀའི་འགན་ལེན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། མངགས་གཏོང་ཚན་པ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་རྒྱབ་སྐྱོར་གྱི་འགན་ལེན་སྟོབས་ཆེན་བྱེད་དགོས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ཏེ“5+2”ལས་ཀའི་ལས་འགན་ཐུན་མོང་ཐོག་ལེགས་སྒྲུབ་ཡག་པོ་བྱེད་དགོས་པ་བཅས་རེད། ཁྲིད་ཕྱོགས་བཟང་པོ་བཙུགས་ཏེ་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ལེགས་གྲས་མངགས་གཏོང་བྱེད་པ་དང་བཟང་པོའི་ཁྲོད་ནས་ཕུལ་བྱུང་དང་ཕུལ་བྱུང་ཁྲོད་ནས་རྩེ་གྲ་འདེམས་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་དཔུང་ཁག་སྟོབས་ཆེན་ཞིག་གྲུབ་པ་བྱེད་དགོས་པ་དང་། སྐུལ་གཏོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཚོར་བཅའ་སྡོད་ལས་ཀའི་ཉམས་མྱོང་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་དང་། ལས་བྱེད་པ་འདེམས་བསྐོ་བྱེད་པའི་འབྱུང་ཁུངས་གལ་ཆེན། ལས་བྱེད་པ་བཀོལ་སྤྱོད་དང་གོ་གནས་སྤོར་བའི་དགོས་ངེས་ཀྱི་ཆ་རྐྱེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྦྱོང་བརྡར་ཐེབས་པ་དང་། གྲུབ་འབྲས་མངོན་གསལ་དོད་པ། མཚོན་ཚུལ་ཕུལ་དུ་བྱུང་བ་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྔོན་ལ་གོ་གནས་སྤོར་བའམ་ཡང་ན་ལས་གནས་འགངས་ཆེན་གཞན་དག་ཏུ་བཀོད་སྒྲིག་བྱེད་དགོས་པ། དཔྱད་ཞིབ་དང་དཔྱད་བསྡུར་ཡག་པོ་བྱས་ཏེ་དངོས་བརྩོན་དངོས་སྒྲུབ་དང་དམ་པ་དོན་གཉེར་གྱི་གོམས་སྲོལ་བཟང་པོ་ཆགས་པ་བྱེད་དགོས། དོ་དམ་ནན་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དམ་དྲང་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་ཀའི་ཁྲོད་ཏང་ཡོན་དང་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། རྒྱབ་སྐྱོར་གྱི་འགན་ལེན་ཤུགས་ཆེར་བཏང་སྟེ་འགྲོ་གྲོན་འགན་ལེན་དང་། འཚོ་བའི་འགན་ལེན། བདེ་འཇགས་ཀྱི་འགན་ལེན། བདེ་ཐང་གི་འགན་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོར་བཅའ་སྡོད་ལས་དོན་བདེ་བླག་ངང་སྤེལ་ཆེད་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པ་དང་ཁོར་ཡུག་བཟང་པོ་བཏོད་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་བྱས་པ་རེད།

    སྐུལ་སློང་ཚོགས་ཆེན་གྲོལ་རྗེས་སྟབས་བདེ་གཟབ་རྒྱས་ཀྱི་རྡོག་ཐོན་མཛད་སྒོ་འཚོགས་པ་དང་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཀྱི་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རྡོག་ཐོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་། པད་མ་འཕྲིན་ལས་ཀྱིས་ཁག་ལྔ་པའི་ལས་དོན་རུ་ཁག་གི་འཐུས་མིར་དར་ཆ་གནང་བ། བློ་བཟང་རྒྱལ་མཚན་གྱིས་རྡོག་ཐོན་མཛད་སྒོ་གཙོ་སྐྱོང་གནང་བ་བཅས་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཐོན་གྲབས་ཡོད་པའི་ཁག་ལྔ་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕྱག་གཡུག་གཡུག་གིས་ཞལ་གྱེས་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།