[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • 《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-21

     ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་གསལ་འགྲེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་སྐོར་ཞིབ་པ་གཞོན་པ་ཧྲུའེ་ཡན་ཕིང་གིས་རང་ལྗོངས་ཀྱིས་ཆེས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་། ལམ་ལུགས་ནན་ཤོས། བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་60ལྷག་ཙམ་བཏོན་པ་དང་འབྲེལ། 《བོད་ཀྱི་སྣོད་བཅུད་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་གཞི(2008-2030ལོ)》ལག་བསྟར་གཏིང་ཟབ་བྱས་པ་རེད། རིམ་རྩིས་ལྟར་ན། མིག་སྔར། མ་དངུལ་སྒོར་དུང་ཕྱུར་95.7དོན་འཁྱོལ་བྱས་ནས་འཆར་འགོད་མ་འཇོག་གི་62%ལེགས་གྲུབ་བྱས་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་སྤྱི་ཕན་ནགས་ཚལ་སྤྱི་ཆིང་ཁྲི་1011.27རྒྱལ་ཁབ་ཀྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཁྱབ་ཁོངས་ནང་བཅུག་ནས་རིམ་རྩིས་ལྟར་ན་ལོ་13རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་93.5བཏང་བ་རེད། རྩྭ་ཐང་མུའུ་དུང་ཕྱུར་1.3ལ་ཕྱུགས་བཀག་བྱས་པས་2016ལོའི་ལོ་མཇུག་ཏུ་ལག་ཡོད་ཕྱུགས་གྲངས་2010ལོའི་ལོ་མཇུག་ལས་ལུག་མགོ་གྲངས་ཁྲི་518ཉུང་དུ་ཕྱིན་ཡོད། སྒོར་དུང་ཕྱུར་20ཟིན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་པ་དང་། རིམ་རྩིས་ལྟར་ན་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་296.3སྤྲད་པ། ཁོར་ཡུག་སྲུང་སྐྱོང་གི་ལས་གནས་ཁྲི་70བཀོད་སྒྲིག་བྱས་པ། མི་རེར་ཆ་སྙོམས་སྒོར་3500ཁ་གསབ་བྱས་ཡོད། སྲིད་འཛིན་གྲོང་ཚོ་5467གྱི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ལེགས་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་འཛོམས་དཀར་གྱིས་དུས་ཡུན་རིང་པོའི་ནང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ནགས་ལས་སྡེ་ཚན་གྱིས་སྣོད་བཅུད་ལེགས་སུ་གཏོང་རྒྱུ་དེ་གཞི་རྩའི་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་སྟོབས་ཆེར་གཏོང་རྒྱུ་དེ་གསོན་ཤུགས་ཆེན་པོ་ཞིག་ཏུ་བརྩི་བ། ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་དེ་གཞི་རྩའི་ལས་འགན་དུ་བརྩི་བ། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་དེ་འགག་རྩའི་སྒུལ་ཤུགས་སུ་བརྩི་བ། ཁྲིམས་བཞིན་ནགས་སྐྱོང་བྱ་རྒྱུ་དེ་འགན་ལེན་བརྟན་པོ་ཞིག་ཏུ་བརྩི་བ་བཅས་བྱས་ཡོད། 2014ལོ་ནས་བཟུང་། མ་ཕམ་གཡུ་མཚོ་རྒྱལ་སྤྱིའི་འདམ་ར་གཙོ་བོ་དང་བྱང་ཐང་སོགས་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྔ་རྗེས་སུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་བར་མ་དངུལ་སྒོར་དུང་ཕྱུར་1.5བཏང་ཡོད། 2016ལོའི་ལོ་མཇུག་བར་བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་གནོད་འཚེ་བཟོ་བར་ཁ་གསབ་སྤྲོད་པའི་ལས་དོན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.3བཏང་ཡོད། ཉེ་དུས་ལྟ་དཔྱད་བྱེད་སྐབས། བོད་ཀྱི་ནགས་ཚལ་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་19བར་མང་དུ་ཕྱིན་པ་དང་། ནགས་ཚལ་གསོག་འཇོག་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2047མང་དུ་ཕྱིན་ཡོད། ཐང་རྒོད་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.36བར་ཉུང་དུ་ཕྱིན་པ་དང་། བྱེ་འགྱུར་ས་ཁྱོན་སྤྱི་ཆིང་ཁྲི་3.5བར་ཉུང་དུ་ཕྱིན་ཡོད། འདམ་ར་སྤྱི་ཆིང་ཁྲི་གཅིག་ཙམ་བར་སླར་གསོ་ཐུབ་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འཇོག་གཉིས་རྒྱུན་མཐུད་ངང་འཕར་བ། ཐང་རྒོད་དང་བྱེ་ཐང་གི་རྒྱ་ཁྱོན་གཉིས་ཀ་ཉུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ད་དུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་སྡེ་ཚན་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་སྡེ་ཚན་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།