[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་གྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-08

    ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཁྱབ་བསྒྲགས་གནང་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད། བོད་ཀྱི་སློབ་གྲྭའི་སློབ་གསོས་རྒྱ་བོད་སྐད་ཡིག་གཉིས་ཀྱི་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་མིག་སྔར་ཞིང་འབྲོག་ཁུལ་དང་གྲོང་རྡལ་ཁག་གཅིག་གི་སློབ་ཆུང་དུ་རྒྱ་བོད་སྐད་ཡིག་གཉིས་ནས་སློབ་ཁྲིད་བྱེད་པ་དང་སློབ་ཚན་གཙོ་བོ་བོད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་འབྲིང་དུས་མཚམས་སུ་བོད་ཡིག་སློབ་ཚན(ནང་སའི་བོད་ལྗོངས་སློབ་འབྲིང)ཁྲིད་པ་དང་སློབ་ཚན་གཞན་དག་རྒྱ་ཡིག་ནས་ཁྲིད་ཀྱི་ཡོད། མཐོ་སློབ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་བསྡུའི་ཡིག་རྒྱུགས་ནང་བོད་ཡིག་དེ་རྒྱུགས་ལེན་ནང་ཚན་དུ་བརྩིས་ནས་སྦྱངས་འབྲས་དེ་སྤྱིའི་བསྡོམས་གྲངས་ཐོག་བསྣན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་རིག་ཚན་13གྱི་སློབ་དེབ་རིགས་821དང་། སློབ་ཁྲིད་དཔྱད་གཞིའི་དེབ་རིགས་410 སློབ་ཁྲིད་རྩ་གནད་དམ་ཡང་ན་སློབ་ཚན་ཚད་གཞི་རིགས་56 སློབ་ཁྲིད་ཞོར་ལྟའི་དེབ་རིགས་73བཅས་རྩོམ་བསྒྱུར་བྱས་ཡོད་ཅེས་འཁོད་ཡོད།

    2014ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དེབ་སྣ་ཚོགས་རིགས་547གྱི་དེབ་ཁྲི་1302.5དཔེ་སྐྲུན་བྱས་པའི་ནང་བོད་ཡིག་དེབ་རིགས་ཀྱི་བཟུང་བའི་བསྡུར་གྲངས་80%ལས་བརྒལ་བ་དང་བོད་ཡིག་དུས་དེབ་རིགས་14དང་བོད་ཡིག་ཚགས་པར་རིགས་11དཔེ་སྐྲུན་འགྲེམས་སྤེལ་བྱེད་ཀྱི་ཡོད། གཞན་ཡང་བོད་ཡིག་དེ་སྦྲག་སྲིད་དང་། འཕྲིན་གཏོང་། འགྲིམ་འགྲུལ། དངུལ་རྩ་སོགས་ཁྱབ་ཁོངས་ནང་རྒྱ་ཁྱབ་ངང་བེད་སྤྱོད་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    དུས་མཚུངས་རྩ་སྟོངས་སུ་འགྲོ་ཉེར་ཡོད་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཁྱོན་ཡོངས་ནས་མྱུར་སྐྱོབ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་རྒྱལ་ཁབ་ཀྱིས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལུགས་གསོ་རིག་སློབ་གླིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་སོགས་སློབ་གསོ་གསོ་སྦྱོང་རྟེན་གཞི་དང་རིག་ཚན་སྣ་ཁ་འཛོམས་པའི་ཞིབ་འཇུག་སྒྲིག་གཞི་ཁག་གཅིག་བསྐྲུན་ཡོད། ལོ་བཅུ་གྲངས་རིང་བོད་ཀྱིས་གཞི་ཁྱོན་ཆེ་ལ་གོ་རིམ་ལྡན་པའི་ཡོངས་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག དཔེ་སྐྲུན་བཅས་ཀྱི་ལས་དོན་སྔ་རྗེས་སུ་སྒྲིག་འཛུགས་བྱས་ཏེ་རོལ་དབྱངས(གླུ་གཞས)དང་གཞས་མ་གཏམ་སྣ་ཚོགས་ཁྲི་གཅིག་ལྷག་ཙམ་དང་ཡིག་ཐོག་དཔྱད་གཞི་ཡིག་གྲངས་ཁྲི་3000ལྷག་ཙམ་བསྡུ་རུབ་བྱས་པ་དང་། སྒྲ་བརྙན་གྱི་དཔྱད་གཞི་འབོར་ཆེན་ཕབ་ལེན་བྱས་པ། པར་ཁྲི་ལྷག་ཙམ་ལེན་པ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་1000ལྷག་ཙམ་བཏོན་པ། 《ཀྲུང་གོའི་ཟློས་གར་བྱུང་རབས•བོད་ལྗོངས་བམ་པོ》དང་། 《ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཕྱོགས་བསྒྲིགས•བོད་ཀྱི་སྐོར》《ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་རོལ་དབྱངས་ཕྱོགས་བསྒྲིགས•བོད་ལྗོངས་བམ་པོ》སོགས་རིག་རྩལ་བྱུང་རབས་ཕྱོགས་བསྒྲིགས་ཆེ་གྲས་10དང་རིག་རྩལ་ཞིབ་འཇུག་ཆེད་རྩོམ་30ལྷག་ཙམ་ལེགས་སྒྲིག་དཔེ་སྐྲུན་བྱས་པ། བོད་ཡིག་གནའ་དཔེ་261མྱུར་སྐྱོབ་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་ཡོད་ཅེས་འཁོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།