[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་མི་རེའི་ཆ་སྙོམས་ནགས་ཚལ་རྒྱ་ཁྱོན་སོགས་སྟོན་གྲངས་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་འཁོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-08

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་6ཉིན་སྤེལ་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ནགས་ལས་དང་རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྱོང་ཐད་བོད་དུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། བོད་ཀྱིས་མི་རེའི་ཆ་སྙོམས་ནགས་ཚལ་རྒྱ་ཁྱོན་དང་། ནགས་ཚལ་གསོག་ཚད། རང་བྱུང་ནགས་ཚལ་གསོག་ཚད། སྡོང་རིང་ནགས་ཚལ་གསོག་ཚད། གཙོ་གནད་སྤྱི་ཕན་ནགས་ཚལ་གསོག་ཚད་བཅས་སྟོན་གྲངས་ཁག་ལྔ་རྒྱལ་ཡོངས་ཀྱི་ཨང་དང་པོ་བཏོད་ཡོད་ཅེས་འཁོད་ཡོད།

    2014ལོའི་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་གཙང་བཤེར་ཐེངས་བརྒྱད་པའི་གྲུབ་འབྲས་ལྟར་ན། བོད་ཀྱི་ནགས་ཚལ་ཁྱབ་ཚད་11.98%དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1471.56 ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་22.62 རང་བྱུང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་22.61 སྡོང་རིང་ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ/སྤྱི་ཆིང་267 རང་བྱུང་སྤྱི་ཕན་ནགས་ཚལ་གསོག་ཚད་སྤྱི་ཆིང་ཁྲི་1011.27བཅས་ཟིན་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་མྱ་ངམ་ཅན་དང་བྱེ་ཐང་གི་ལྟ་ཞིབ་ཚད་ལེན་ཐེངས་བཞི་པ་དང་གསུམ་པའི་གྲུབ་འབྲས་དང་བསྡུར་ན། བོད་དུ་མྱ་ངམ་ཅན་གྱི་ས་ཆ་སྤྱི་ཆིང་ཁྲི་7.89ཉུང་དུ་ཕྱིན་པ་དང་བྱེ་ཐང་ཅན་གྱི་ས་ཆ་སྤྱི་ཆིང་ཁྲི་6.57ཉུང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་མྱ་ངམ་ཅན་དང་བྱེ་ཐང་ཅན་གྱི་ས་ཆ་ཆེ་རུ་འགྲོ་ཚུལ་ཚོད་འཛིན་ཐུབ་པ་མ་ཟད་ལེགས་སུ་འགྲོ་བའི་རྣམ་པ་ཐོག་མར་མངོན་ཡོད། 2014ལོའི་ལོ་མཇུག་བར་བོད་དུ་རང་བྱུང་ན་ཁའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8433ཟིན་པ་དེའི་ནང་བེད་སྤྱོད་ཆོག་པའི་རང་བྱུང་ན་ཁའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་7067ཟིན་ཡོད།

    2009ལོའི་ཟླ་2ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ཨུའི་ཚོགས་འདུ་ཐེངས་50པའི་ཐོག《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008—2030ལོ)》ལ་གྲོས་འཆམ་བྱུང་ནས། མ་འཇོག་སྒོར་དུང་ཕྱུར་155བཏང་ནས་2030ལོར་སླེབས་སྐབས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བྱེད་དགོས་ཞེས་བཏོན་ཡོད། མིག་སྔའི་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་56.46དོན་འཁྱོལ་བྱས་ནས་འཆར་འགོད་ནང་གཏན་ལ་ཕབ་པའི་རང་བྱུང་ན་ཁ་སྲུང་སྐྱོང་འདུ་འགོད་དང་། ནགས་ཚལ་མེ་ཟོན་དང་དེ་བཞིན་གནོད་ཅན་སྐྱེ་དངོས་འགོག་བཅོས་འདུ་འགོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་དེའི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་འདུ་འགོད། གཙོ་གནད་འདམ་ར་སྲུང་སྐྱོང་འདུ་འགོད། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུ་ཚབ་བྱེད་འདུ་འགོད། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་འདུ་འགོད། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་རང་བྱུང་ན་ཁ་ལེགས་བཅོས་འདུ་འགོད། བྱེ་འགོག་བྱེ་བཅོས་འདུ་འགོད། ས་ཆུ་ཤོར་བ་བཅོས་སྒྲིག་འདུ་འགོད། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ལྟ་ཞིབ་ཚད་ལེན་འདུ་འགོད་བཅས་རིགས་ཆེན་པོ་གསུམ་གྱི་འདུ་འགོད་ཁག་10ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།