[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།>རྒྱབ་ཤ་དཀར་པོའི་དེབ།
  • བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་དུ་ད་ཆ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1787དང་བླ་སྤྲུལ་358ཡོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཆ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1787དང་དགོན་སྡོད་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད་པ་དང་བླ་སྤྲུལ་358ཡོད་པའི་ནང་གི་ཡང་སྲིད་60ལྷག་ཙམ་ནི་ལོ་རྒྱུས་གཏན་སྲོལ་དང་ཆོས་ལུགས་ཀྱི་ངེས་སྲོལ་གཞིར་བཟུང་ངོས་འཛིན་བྱས་པ་ཞིག་རེད།

    ལོ་མང་ནང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་དབང་ཆར་བརྩི་འཇོག་གང་ལེགས་བྱས་ནས་ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་ཚང་མར་འདྲ་མཉམ་ངང་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་པ་དང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་ཡོད།

    རྒྱབ་ཆ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་སུ་ཆོས་ལུགས་ཆེ་གྲས་ཁག་གི་སྲོལ་རྒྱུན་གྱི་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བཞིན་ཡོད་པ་དང་ཆོས་ལུགས་བྱེད་སྒོ་ཆེ་གྲས་དཔེར་ན། གནས་རི་གནས་མཚོ་སྐོར་བ་དང་། ས་ག་ཟླ་བ། གོས་སྐུ་གཤོམ་པ། འཆམ་རྒྱག་པ། གནས་སྐོར་སོགས་མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་40ལྷག་ཙམ་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཡོད། དད་ལྡན་མང་ཚོགས་མང་ཆེ་བའི་ཁྱིམ་ཚང་ནང་མཆོད་ཁང་དང་མཆོད་གཤོམ་སོགས་ཡོད། ལོ་ལྟར་ལྷ་སར་གནས་མཇལ་དུ་ཡོང་མཁན་དད་ལྡན་མང་ཚོགས་མི་ཐེངས་ཁྲི་བརྒྱ་ལྷག་ཙམ་ཟིན་གྱི་ཡོད། ཆོས་དད་མི་འདྲ་བའི་དད་ལྡན་མང་ཚོགས་ཚོའི་ཆོས་ལུགས་ཀྱི་དགོས་མཁོ་སྐོང་ཆེད། མིག་སྔར་བོད་དུ་དབྱི་སི་ལམ་གྱི་ཕྱག་ཁང་4དང་གནམ་བདག་ཆོས་ཁང་1ཡོད། ཆོས་ལུགས་དེ་དག་ལའང་བརྩི་འཇོག་དང་སྲུང་སྐྱོང་ཐོབ་ནས་ཁྲིམས་ལུགས་དང་སྒྲིག་ལམ་གཞིར་བཟུང་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ནས་ཆོས་ལུགས་གཞན་དང་འདྲ་མཉམ་ངང་ཞི་མཐུན་མཉམ་གནས་ཐུབ་པ་བྱུང་ཡོད་ཅེས་འཁོད་ཡོད།

    བླ་སྤྲུལ་གྱི་ཡང་སྲིད་ལམ་ལུགས་ནི་བོད་ཀྱི་ཆོས་ལུགས་ལ་དམིགས་བསལ་དུ་ཡོད་པའི་ཆོས་དད་དང་རྒྱུན་འཛིན་བྱ་ཐབས་ཤིག་ཡིན་པས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གི་བརྩི་འཇོག་ཐོབ་ཡོད། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་དཔེ་སྦྱོང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། པེ་ཅིང་དང་ལྷ་སར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་སོ་སོར་བཙུགས་ནས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཆོས་ལུགས་ཤེས་ལྡན་མི་སྣའི་གསོ་སྐྱོང་རྟེན་གཞིར་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་ལས་བཟོ་བསྡུས་ནས་གསོ་སྐྱོང་བྱེད་ཀྱི་ཡོད། བོད་ཀྱི་གྲུབ་མཐའ་སྣ་ཚོགས་ཀྱི་དགོན་སྡེ་60ལྷག་ཙམ་དུ་དགོན་སྡེ་རང་ངོས་ཀྱི་དཔེ་སྦྱོང་འཛིན་གྲྭ་བཙུགས་ཏེ་སྲོལ་རྒྱུན་གྱི་གོམས་གཤིས་གཞིར་བཟུང་ཆོས་ལུགས་དཔེ་སྦྱོང་དང་སློབ་གནས་མཚན་གནས་དཔྱད་ཞིབ་དང་གནས་སྤོར་བྱེད་ཀྱི་ཡོད།

    2005ལོ་ནས་བཟུང་ལོ་ལྟར་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཐོ་རིམ་མཚན་གནས་རྒྱུགས་སྤྲོད་དང་མཚན་གནས་སྤྲོད་པའི་མཛད་སྒོ་འཚོགས་པ་དང་གཙུག་ལག་ཁང་དང་ལྷ་སའི་གདན་ས་ཆེན་པོ་གསུམ་དུ་དགེ་བཤེས“ལྷ་རམས་པའི”སློབ་གནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད། མིག་སྔའི་བར་དཔེ་སྦྱོང་དགེ་འདུན་པ་84ལ་དགེ་བཤེས“ལྷ་རམས་པའི”མཚན་གནས་དང་དགེ་འདུན་པ་46ལ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།