[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས།

    གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    519909_yis_1528347978425.jpg

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཕེབས་ཏེ་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་དང་དྭགས་པོ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཞིང་། འདི་ནི་བྱང་སྨུག་ལ་ཕུག་ལམ་དུ་ཝུའུ་དབྱིང་ཅེས་ཨར་སྐྲུན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ་དང་རྐོ་འདྲུ་ལས་སྒྲུབ་ཀྱི་གནས་ཚུལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཕེབས་ཏེ། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་དང་དྭགས་པོ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་གྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་རང་འགུལ་ངང་བསྟུན་པ་དང་སྣེ་འཁྲིད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་པ་རྒྱུན་འཁྱོངས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པར་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེན་ཁྲང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་བཅས་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་435.48ཟིན་པ་དང་། གསར་དུ་བསྐྲུན་པའི་མ་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་403.14ཟིན་པ། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་300.97ཟིན་པ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་74.66%ཟིན་ཅིང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས་ཨར་ལས་དཀའ་གནད་ཧ་ཅང་ཆེན་པོ་ཡོད། ཝུའུ་དབྱིང་ཅེས་རླངས་འཁོར་ལ་བཞུགས་ཏེ་སྣང་རྫོང་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་ལྷ་ཉིང་ལྕགས་ལམ་ལས་གྲྭའི་བཀོད་འདོམས་པུའི་རྣམ་གྲངས་པུའུ་དང་པོའི་ལས་ཡུལ་གསུམ་པར་ཕེབས་ནས་ལྷ་ཉིང་ལྕགས་ལམ་གྱི་དཔེ་རིས་དང་ལྷ་ཉིང་ལྕགས་ལམ་ལམ་ཐིག་ཧྲིལ་པོའི་མཁའ་དབྱིངས་པར་ལེན་བརྙན་ལམ་ལ་ཞིབ་ཕྲ་གཟིགས་པ་དང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་ངོ་སྤྲོད་ནན་ཏན་གསན་པ་དང་འབྲེལ། འགག་རྩའི་གནད་དོན་ཁག་གཅིག་ལ་ལས་གྲྭའི་ལག་རྩལ་མི་སྣ་དང་དཔྱད་བསྡུར་གཏིང་ཟབ་གནང་བ་རེད། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའི་འབྲེལ་ཡོད་འགན་འཁུར་བས། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས་ས་མཐོར་ཨར་ལས་བྱེད་སྐབས་གསོ་རླུང་དཀོན་པ་དང་། ཨར་ལས་ཁོར་ཡུག་ཞན་པ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་ཁྱད་དུ་བསད་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་བདེ་འཇགས་སྤུས་ལེགས་ངང་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། 2018ལོའི་ཟླ་5པའི་ཟླ་མཇུག་བར་ལམ་ཐིག་ཧྲིལ་པོའི་ཨར་ལས་འགོ་ཚུགས་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་192.25བཏང་བ་དེ་ཇུས་འགོད་ཀྱི་55.96%བཟུང་ཡོད་ཅེས་ངོ་སྤྲོད་བྱས། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་བླ་ན་མེད་པའི་གུས་འདུད་མཚོན་པར་བྱས་པ་རེད། ཁོང་གིས་ལྷ་ཉིང་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་རྗེས་ཀྱི“མཁའ་ལམ”གཞན་ཞིག་ཡིན་པ་དང་འདི་ནི་མཐུན་སྒྲིལ་གྱི་ལམ་དང་། འཕེལ་རྒྱས་ཀྱི་ལམ། བདེ་སྐྱིད་ཀྱི་ལམ་བཅས་རེད། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་གྱི་ཡོད། རྒྱ་ཆེའི་ལྕགས་ལམ་འཛུགས་སྐྲུན་པ་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བདེ་འཇགས་དང་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་ཚན་རིག་དང་མཐུན་པའི་ངང་ཨར་ལས་བྱས་ནས་ལྷ་ཉིང་ལྕགས་ལམ་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་གྲྭ་སྤུས་ལེགས་དང་ལས་གྲྭ་རྩེ་གྲ་ཞིག་ཏུ་བསྐྲུན་ཏེ། ཏང་ཀྲུང་དབྱང་གིས་གནང་བའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ལ་ཚོར་ཐུབ་པར་བྱེད་པའི་རེ་བ་ཡོད་ཅེས་གསུངས།

    རིང་ཚད་ཧྲིལ་པོར་སྨི་8000ལྷག་ཙམ་ཟིན་པའི་བྱང་སྨུག་ལ་ཕུག་ལམ་དུ་ལས་བཟོ་ཚོས་དྲོད་ཚད་མཐོ་ཞིང་གསོ་རླུང་དཀོན་པ་དང་བརླན་བཤེར་ཆེ་བ་སོགས་ཀྱི་ཁོར་ཡུག་ཚོད་འཛིན་ཁྱད་དུ་བསད་དེ་བྲེལ་བརྩོན་ཆེན་པོས་ཨར་ལས་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེ་ཕུག་ལམ་དུ་ཕེབས་ཏེ་ཚང་མར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ་དང་རྐོ་འདྲུ་ལས་སྒྲུབ་གནས་ཚུལ་ཤེས་རྟོགས་གནང་ཞིང་། ཁོང་གིས་ཁྱེད་ཚོས་ཕ་ཡུལ་དང་གཉེན་ཉེ་དང་འབྲལ་ཏེ་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་ཨར་ལས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་བདེ་འཇགས་ལ་དོ་སྣང་དང་། ངལ་གསོར་སྣང་ཆེན། གཟུགས་པོ་ཐུགས་ཅག་བཅས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ལས་ཀ་བྱེད་པ་དང་བདེ་མ་ཐང་མའི་ངང་ཁྱིམ་དུ་ལོག་པའི་རེ་བ་ཡོད་ཅེས་བརྩེ་སེམས་ཟབ་མོས་གསུངས།

    ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སིའི་དྭགས་པོ་ཡན་ལག་ཀུང་སིར་ཝུའུ་དབྱིང་ཅེས་འགྲེམས་པང་ལ་གཟིགས་ཀྱིན་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཀུང་སིར་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་གྲོང་སྡོད་དབུལ་སྐྱོར་དང་། སློབ་སྐྱོར་ཞལ་འདེབས་ཕུལ་བ། ཐོན་ལས་འཕེལ་རྒྱས་གཏོང་བ། ལས་ཞུགས་བསྡུ་ལེན་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཁྱེན་སྐབས། ཁོང་གིས་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ཐོན་ཁུངས་གསར་སྤེལ་དང་ས་གནས་འདི་གའི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ། ས་གནས་འདི་གའི་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གྱི་མང་ཚོགས་ལ་ཏང་གི་བཀའ་དྲིན་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། སྤྱི་ཚོགས་རིང་ལུགས་ཀྱི་ལེགས་ཆ་བཅས་གང་ལེགས་ཚོར་དུ་འཇུག་དགོས་པའི་ནན་བཤད་གནང་བ་མ་ཟད། ད་དུང་ས་གནས་འདི་གའི་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་གནང་སྟེ་ཁོང་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཤིག་བརྩོན་ལེན་བྱས་ནས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བའི་རེ་བ་ཡོད་ཅེས་གསུངས།

    དྭགས་པོ་ཆུ་ཤུགས་གློག་ཁང་ནི་ཀྲུང་དབྱང་གི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལ་རྒྱབ་སྐྱོར་བྱས་ནས་བསྐྲུན་པའི་གཙོ་གནད་རྣམ་གྲངས་ཤིག་རེད། ཝུའུ་དབྱིང་ཅེས་ཨར་སྐྲུན་ལས་གྲྭར་གཟིགས་ནས་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས་བོད་ནི“ནུབ་གློག་ཤར་འདྲེན”གྱི་མཇུག་མཐུད་ནུས་རྒྱུའི་རྟེན་གཞི་ཞིག་ཡིན་པས་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། བོད་དུ་ཡོད་པའི་གློག་ཤུགས་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་གོ་སྐབས་སུ་བྱས་ནས་དོ་དམ་དང་སྐྱེལ་འདྲེན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མ་ཐོན་སྐྱེད་ཐུབ་པ་དང་འཚོང་ཐུབ་པ་བྱེད་པ་དང་། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོ་བཙུགས་ནས་རང་ཉིད་ཀྱི་མིག་གཉིས་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་དང་། གངས་ལྗོངས་ས་མཐོའི་རི་ཆུ་དང་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”ཡག་པོ་སྲུང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་བཅས་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་ད་དུང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་ཡུལ་སྐོར་བར་བོད་དུ་ཡུལ་སྐོར་བྱེད་པའི་ཚོར་སྣང་བཀའ་འདྲི་གནང་ཞིང་། ཁོང་གིས་བོད་ནི་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཡིན་པ་དང་ཡུལ་སྐོར་ལས་རིགས་ནི་བོད་ཀྱི་ལམ་སྟོན་པ་དང་ཀ་རྟེན་ཐོན་ལས་ཤིག་ཡིན་ལ་དམངས་ཕན་དམངས་ཁེའི་དམངས་ཕྱུག་གི་ཐོན་ལས་ཤིག་ཀྱང་རེད། ཚན་རིག་དང་མཐུན་པའི་ངང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པ་དང་ཡུལ་སྐོར་ཀྱི་སྤུས་རྟགས་ཧུར་ཐག་བཏོད་དེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ། ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ། ཡུལ་སྐོར་གྱི་ཁྱབ་བགྱེད་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པར་བྱེད་དགོས། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་གོང་བུ་ལྟར་རྡོག་རྩ་གཅིག་སྒྲིལ་ཡོང་བར་བྱེད་དགོས་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།