[ English ] [ 中文 ]
0891-6325020
དབུ་ཤོག>སྲིད་དོན།
  • བོད་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-12

    ཚེས་9ཉིན་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་སླར་ཡང་བཀོད་སྒྲིག་བྱས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྟངས་དང་མྱོང་ཚོར་ཕྱོགས་བསྡོམས་དང་སྤེལ་རེས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས། བསམ་བློ་དང་། རིག་གནས་བཅས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། དྲིལ་བསྒྲགས་ཀྱི་སྟོན་ཕྱོགས། རིན་ཐང་གི་འཕེལ་ཕྱོགས་བཅས་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། “འབད་འཐབ་ལྷོད་མེད་བྱེད་པའི་ལོ་ལྔའི”བརྗོད་དོན་གཙོ་བོ་གལ་ཆེན་དྲིལ་བསྒྲགས་དང་། དཔེ་མཚོན་དྲིལ་བསྒྲགས། གྲུབ་འབྲས་དྲིལ་བསྒྲགས་བཅས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་ནས“འཆལ་རྡུང་ལོག་སེལ”བྱེད་ཤུགས་ཆེ་རུ་བཏང་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། རིག་རྩལ་བརྩམས་ཆོས་གསར་རྩོམ་དང་ཐོན་སྐྱེད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་རང་བཞིན་གྱི་རིག་རྩལ་དང་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་སྤྲོ་སྣང་དོད་པ་དང་། བཀྲ་ཤིས་པ། སྤྲོ་སེམས་འཁོལ་བ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ནི་ལྗོངས་ཏང་ཨུད་ཀྱིས་དུས་གནས་རྟོགས་དཔྱོད་དང་ཕུགས་དང་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཐད་རྐང་བཟུང་ན་ཡན་ལག་ཐོན་རྒྱུའི་དོན་སྙིང་ལྡན་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པ་མ་ཟད། དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ཁྲོད་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་ཀྱང་ཡིན། གཅིག་ནས་བརྟན་ལྷིང་དང་། འཕེལ་རྒྱས། ཡར་ཐོན་བཅས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་ལས་ཀའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་མང་ཚོགས་ཀྱི་བསམ་བློའི་དོན་དངོས་ལ་གཞི་ཚུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་རབས་རང་བཞིན་སྔར་བས་ཟབ་ཏུ་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། གསུམ་ནས་ལོ་འཁོར་གྱི་དམིགས་ཚད་ལ་གཞི་ཚུགས་ནས་ལས་ཀའི་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་སྒོ་དང་། ལག་ལེན་བྱེད་སྒོ སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་དོན་ཁག་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ། བཞི་ནས་ལས་ཀའི་ཞན་ཆར་གཞི་ཚུགས་ནས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྫོང་དང་ཆུས་དང་ཤང་གྲོང་གི་ཏང་ཨུད་ཧྲུའུ་ཅིའི་བྱེད་པོའི་འགན་འཁྲི་དང་དེ་བཞིན་གྲོང་སྡོད་རུ་མི་དང་། དགོན་སྡོད་ལས་བྱེད་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་བཅས་ཀྱི་རྐང་འཛིན་ནུས་པ་ཡག་པོ་འདོན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་དང་རྫོང་དང་། ཤང་། སློབ་གྲྭ དགོན་སྡེ། ཁེ་ལས་བཅས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།