[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>པར་རིས།
  • རྒྱལ་གཅེས་ཆོས་གཅེས་ལམ་ལྷོངས་བྱུང་བ།

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་གྱི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-02

    205246_yis_1441079249966.jpg

    མི་རིགས་ཁག་གི་སྤུན་ཟླའི་འཐུས་མིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་འཛོམས་བྱས་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་བ།

    ས་སྐྱ་དགོན་པ་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་པ་དང་སྤྱི་ལོ་1268ལོར་བསྐྲུན། ས་སྐྱ་དགོན་པའི་བླ་མ་སྐྱེས་ཆེན་བློ་གྲོས་རྒྱ་མཚོས“ད་ཕན་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་པས་དགོན་སྡེའི་གྲྭ་བཙུན་ལ་ཕན་པ་ངོ་མ་ཐོབ་པ་དང་། རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་གང་ལེགས་སྐོང་བ། ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོང་གང་ལེགས་ཐོབ་ཡོད”ཅེས་གསུངས་ཤིང་། བློ་གྲོས་རྒྱ་མཚོའི་སྐད་ཆ་དེ་ཐོག་ནས་བོད་ཀྱི་དགོན་སྡེ་1700དང་། གྲྭ་བཙུན་ཁྲི་4.6 ཆོས་དད་མང་ཚོགས་ཁྲི་200ལྷག་ཙམ་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད།

    ཆོས་ལུགས་ལས་དོན་ནི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རིགས་པའི་གཞུང་ལུགས་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་སྐབས་གསར་པའི་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དགོན་སྡེའི་དོ་དམ་ཞབས་ཞུའི་ལམ་སྲོལ་གསར་གཏོད་བྱས་པ། ཆོས་ཕྱོགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་བཅས་རེད།

    “ཆོས་ལུགས་སྐོར་གྱི་ཏང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ”

    “ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས”ཞེས་2013ལོའི་ཟླ་3པར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་བ་རེད།

    སྔ་ལོ་དང་འདྲ་བར་ད་ལོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་བོད་ཀྱི་ཆོས་དད་རང་མོས་སྐོར་དེ་ཀྲུང་ཕྱིའི་སྨྱན་སྦྱོར་གྱིས་དོ་ཁུར་བྱེད་པའི་མདོ་གནད་དུ་གྱུར་ཡོད། “ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱུང་བ་དང་། དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོད་པ། དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་འགན་སྲུང་ཧ་ཅང་ཡག་པོ་བྱུང་བ་བཅས་རེད” ཟླ་3ཚེས་9ཉིན་གྱི་བོད་ལྗོངས་འཐུས་མི་ཚོགས་པའི་སྒོ་དབྱེའི་ཉིན་མོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་ཟུར་ཉན་བྱེད་མཁན་ལྷ་སའི་སེ་ར་དགོན་པའི་བླ་མ་སྐྱེས་ཆེན་ཕུར་བུ་ཚེ་རིང་གིས་གསར་འགོད་པར“ད་ལོའི་བོད་ཀྱི་ལོ་གསར་གོང་སེ་ར་དགོན་པར‘སེ་ར་ཕུར་མཇལ’ཞུ་མཁན་ཁྲི་12ཙམ་ཡོད་ཀྱང་ཞི་མཐུན་དང་གོ་རིམ་ལྡན་པ་ཞིག་བྱུང་ཡོད”ཅེས་གསུངས།

    བོད་དུ་ལོ་1400ཙམ་རིང་དར་ཁྱབ་བྱུང་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་དད་ལྡན་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི《བོད་ལྗོངས་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བསྡོམས་རྩིས་བྱས་དོན། བོད་དུ་དེང་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ས་སྣ་ཚོགས་1787དང་། དགོན་ཞུགས་གྲྭ་བཙུན་ཁྲི་4.6 བླ་སྤྲུལ་358བཅས་ཡོད། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་སྲོལ་རྒྱུན་གྱི་བོན་ཆོས་ཕུད་ད་དུང་དད་ལྡན་མང་ཚོགས་ཁག་གཅིག་གིས་དབྱི་སི་ལམ་ཆོས་ལུགས་དང་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དེས་བོད་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་ཆོས་ལུགས་ལས་དོན་གྱི་དམིགས་བསལ་གནས་བབ་གཏན་འཁེལ་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གནས་བབ་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གནས་བབ་ཀྱང་གཏན་འཁེལ་བྱས་ཡོད།

    “བོད་དུ་དགོན་སྡེའི་གྲྭ་བཙུན་གྱི་ལས་དོན་ནི་མང་ཚོགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན”རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དེ་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་ལ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད།

    ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་སྐོར་གྱི་ཏང་གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་དད་ལྡན་མང་ཚོགས་ཀྱི་གོམས་སྲོལ་ལ་བརྩི་བཀུར་གང་ལེགས་ཞུས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་སྲུང་སྐྱོང་ཏན་ཏིག་བྱས་ཡོད། མིག་སྔར་བོད་དུ་ལོ་ལྟར་ཆོས་ལུགས་དང་དམངས་སྲོལ་བྱེད་སྒོ་1700ལྷག་ཙམ་ཡོད་པ་དེ་དག་གིས་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་བྱེད་སྒོའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། བྱེད་སྒོ་ཚང་མ་ཉེན་ཟིང་མེད་ལ་འཆམ་མཐུན་ཡོད་པ་དང་བདེ་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོད། 2014ལོའི་ས་ག་ཟླ་བའི་བྱེད་སྒོར་ཞུགས་མཁན་མི་ཐེངས་ཁྲི་1200ལྷག་ཙམ་དང་། ཞོ་སྟོན་ནང་ཞུགས་མཁན་མི་ཐེངས་ཁྲི་160ལྷག་ཙམ། དར་ཆེན་སྐུ་བཞེངས་ནང་ཞུགས་མཁན་མི་ཐེངས་ཁྲི་42ལྷག་ཙམ། དགའ་ལྡན་ལྔ་མཆོད་ནང་ཞུགས་མཁན་མི་ཐེངས་ཁྲི་27ལྷག་ཙམ་བཅས་ལས་བརྒལ་ཡོད། དད་ལྡན་མང་ཚོགས་ཀྱིས“དེང་སྐབས་ཞབས་སྐོར་རྒྱག་སྐབས་སྟབས་བདེ་ལ་གོ་རིམ་ལྡན་པ་ཞིག་འདུག”ཅེས་ཤོད་ཀྱི་ཡོད།

    ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས་བྱེད་པ་དང་དུས་མཚུངས་བོད་ཀྱིས་ད་དུང་དུས་རབས་ཡར་ཐོན་གྱི་དགོས་འདུན་དང་མཐུན་པའི་ཆོས་ལུགས་ཀྱི་བསྟན་བཅོས་ལ་སྲུང་སྐྱོང་ཧུར་ཐག་བྱས་ཡོད། བོད་ཡིག་གི《ཀྲུང་ཧྭའི་བཀའ་བསྟན་འགྱུར·བཀའ་འགྱུར》(དཔེ་བསྡུར་མ)དང་། 《བོད་རྒྱ་ཤན་སྦྱར་གྱི་བོད་ལྗོངས་བཀའ་བསྟན་འགྱུར་གྱི་སྤྱིའི་དཀར་ཆག》 《ཚད་མ་སྡེ་བདུན་རྒྱན་གྱི་མེ་ཏོག》《བྱམས་ཆོས་སྡེ་ལྔ》 《མ་ཎི་བཀའ་འབུམ》སོགས་བསྟུད་མར་ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང》 《བཀའ་འགྱུར》ཚར་1490ལྷག་ཙམ་པར་བརྒྱབ་ཅིང་། དུས་མཚུངས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་དང་། རྟོགས་བརྗོད་རྣམ་ཐར། ཆེད་རྩོམ་སོགས་རིག་གཞུང་གི་དེབ་རྐྱང་མ་འབོར་ཆེན་ཞིག་པར་བརྒྱབ་པ་རེད། གཞན་ཡང《ཏ་ལའི་ལོ་མའི་དཔེ་ཆ་ལེགས་སྒྲིག་དང་ཞིབ་འཇུག》དང་། 《བོད་ལྗོངས་ལྷ་སའི་ད་ཡོད་ལེགས་སྦྱར་གྱི་ཏ་ལའི་ལོ་མའི་དཔེ་ཆ་ལེགས་སྒྲིག》 《བོད་ཀྱི་ཆོས་འབྱུང་དང་གྲུབ་མཐའ་ཞིབ་འཇུག》 《བླ་སྤྲུལ་གྱི་ཡང་སྲིད་ལམ་ལུགས》སོགས་ཆོས་ལུགས་ཀྱི་ཞིབ་འཇུག་སྒྲིག་གཞི་དང་། བླ་མ་སྐྱེས་ཆེན། མཁས་དབང་བཅས་ཀྱི་འབྲེལ་ཡོད་ནང་བསྟན་གྱི་བརྩམས་དེབ་ཀྱང་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད།

    ཆོས་ལུགས་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་དོ་དམ་བྱེད་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱ་ཐབས་དང་སྲོལ་ཡིག་རབ་དང་རིམ་པ་བསྟུད་མར་བཏོན་པ་དེར་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་སེམས་གཏིང་གི་བརྩི་བཀུར་ཐོབ་ཡོད།

    ཆོས་ལུགས་ལས་དོན་གྱི་ལྷན་སྦྱར་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན《བྱེད་སྒོ་སྤེལ་ཡུལ་ཐོ་འགོད་དོ་དམ་བྱེད་ཐབས》དང་། 《ཆོས་ལུགས་ལས་དོན་མི་སྣའི་ཐོ་འགོད་དོ་དམ་བྱེད་ཐབས》 《དམངས་སྲོལ་རིགས་ཀྱི་ཆོས་ལུགས་བྱེད་སྒོའི་མི་སྣ་དོ་དམ་བྱེད་ཐབས》 《སྒོམ་སྒྲུབ་བྱེད་མཁན་དོ་དམ་བྱེད་ཐབས》བཅས་ཞིབ་འཇུག་བྱས་ནས་བཟོས་པ་དང《བོད་རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལས་དོན་སྲོལ་ཡིག》བཟོ་མགྱོགས་སུ་བཏང་ཞིང་། རང་སྐྱོང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ་དང་། 《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱ་ཐབས་སྐོར་གྱི་ལག་བསྟར་ཞིབ་སྲོལ》《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་ལག་བསྟར་བྱ་ཐབས་བཅས་བཟོ་བ། བླ་སྤྲུལ་གྱི་ཡང་སྲིད་ལས་དོན་གྱི་རང་འགུལ་དབང་ཆ་དང་། འགོ་ཁྲིད་དབང་ཆ། ཁ་ལོ་སྒྱུར་དབང་བཅས་སྟངས་འཛིན་ནན་པོ་བཅས་བྱས་པ། 《བོད་ལྗོངས་ནང་བསྟན་སློབ་གླིང་ཡན་ལག་སློབ་གླིང་ཡག་པོ་གཉེར་རྒྱུའི་སྐོར་གྱི་བསམ་འཆར》དང་། 《བོད་ལྗོངས་ནང་བསྟན་སློབ་གླིང་གི་མཚན་གནས་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ཏེ་དགོན་སྡེའི་གྲྭ་བཙུན་གྱིས་དཔེ་ཆ་སྦྱོང་རྒྱུ་དེ་རིམ་བཞིན་དངོས་གཞི་ཅན་གྱི་ལམ་སྲོལ་ནང་བཅུག་ཡོད།

    “དགོན་སྡེའི་གྲྭ་བཙུན་ཚོར་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་དུ་བཅུག་པ”

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། འབྱོར་འབྲིང་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པ། ཚོགས་སྤྱི་གང་རུང་ཞིག་དང་མི་སུ་ཞིག་ཀྱང་མ་ལུས་པ་བྱེད་དགོས་ཞེས་གསུངས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་དགོན་སྡེ་དེ་ཉིད་གཞི་རྩའི་སྤྱི་ཚོགས་ཀྱི་ཕྲ་ཕུང་ཞིག་དང་སྤྱི་ཚོགས་ཀྱི་ཚན་པ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་རྒྱ་ཆེའི་གྲྭ་བཙུན་རྣམས་སྤྱི་དམངས་དང་། གཉེན་ཉེ། གྲོགས་པོ་བཅས་སུ་བརྩིས་ནས་རྒྱུན་སྲིང་ལྷོད་མེད་ངང་དགོན་ཕན་གྲྭ་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དགོན་སྡེ་ཚང་མ་དང་གྲྭ་བཙུན་ཚང་མའི་སེམས་ནང་ཚོར་བ་བྱས་ཡོད།

    དགུན་དུས་ཀྱི་ལྷ་ས་གྲང་ངར་ཆེ་རུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་ཁྱིམ་དུ་དྲོ་སྐྱིད་ལྷག་པར་ལྡན། 2013ལོའི་ཟླ་12ཚེས་1ཉིན་ཁྲེན་ཆོན་གོའི་གདན་ཞུས་ལྟར་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་དགོན་སྡེ་6གི་བླ་མ་སྐྱེས་ཆེན་6དེ་གར་མགྲོན་པོར་ཕེབས་ནས་འགྱུར་ལྡོག་དང་མྱོང་ཚོར་བརྗོད་ནས་ཅི་འཕྲོས་མོལ་འཕྲོས་གནང་། “ན་ནིང་ཁྱེད་སྐུ་ངོ་མ་ང་ཚོའི་དགོན་པར་ཕེབས་ནས་ང་ཚོར་བྱ་དགའི་བྱང་བུ་དང་བྱ་དགའི་དངུལ་གནང་བས་དགོན་སྡེ་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་ལྕག་ཚད་མེད་ཐེབས་བྱུང་། འདི་ལོ་གྲྭ་བཙུན་གསབ་སྣོན་གྱི་སྲིད་ཇུས་དོན་འཁྱོལ་བྱུང་ནས་གསབ་སྣོན་བྱས་པའི་གྲྭ་པ་ནང་བསྟན་སློབ་གླིང་ནང་སློབ་སྦྱོང་དང་གསོ་སྦྱོང་བྱེད་བཞིན་ཡོད། གྲྭ་དམངས་ཀྱིས་སྲིད་ཇུས་དེར་བརྩི་བཀུར་ཧ་ཅང་ཆེན་པོ་ཞུ་བ་མ་ཟད་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་ཞིང་། ད་ཆ་ང་ཚོ་ར་མོ་ཆེ་གཙུག་ལག་ཁང་ཆོས་དོན་ལམ་ལྷོངས་དང་ཞི་མཐུན་བརྟན་ལྷིང་ཡོད”ཅེས་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་གི་བླ་མ་སྐྱེས་ཆེན་འཇམ་དབྱངས་ཀྱིས་སེམས་འགུལ་ཐེབས་བཞིན་བཤད།

    འདི་ནི་བོད་དུ་འགོ་ཁྲིད་ལས་བྱེད་པས་དགོན་སྡེར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་པའི་མི་སེམས་འགུལ་བའི་གནས་ཚུལ་ཞིག་ཡིན། ད་ཆ་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ལྗོངས་ཡོངས་ཀྱི་གཙོ་གནད་དགོན་སྡེ་158ལ་འབྲེལ་གཏུག་བྱེད་པ་དང་། ས་ཁུལ་དང་རྫོང་དུ་དེ་མཚུངས་ཀྱི་རྫོང་རིམ་པ་ཡན་གྱི་ལས་བྱེད་པས་དགོན་སྡེར་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་ཤིང་། རྟག་ཏུ་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་ནས་ཆོས་ལུགས་ལས་རིགས་མི་སྣར་ལྟ་བར་བསྐྱོད་དེ་དཀའ་ངལ་དངོས་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པའི“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན”ཞིག་ཏུ་གྱུར་ཡོད།

    2011ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས“གཅིག་དྲུག”གི་བྱེད་སྒོ་སྤེལ་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་རེ་དང་གྲྭ་བཙུན་གཅིག་དབར་གྲོགས་པོ་སྒྲིག་པ་དང་། ཁྱིམ་དུ་འཚམས་འདྲི་ཐེངས་རེ་བྱེད་པ། བྱ་བ་དངོས་གཅིག་སྒྲུབ་པ། ཡིག་ཚགས་ཆ་ཚང་གཅིག་བཟོ་བ། ཐབས་ལམ་གཅིག་ཤར་གཏོང་ཐུབ་པ་བཅས་བྱས་པས་དོ་དམ་ཨུ་ཡོན་ལྷན་ཁང་དང་། དགོན་སྡེ། གྲྭ་བཙུན་བཅས་མཐུན་སྦྱོར་མཉམ་འགུལ་གྱི་དོ་དམ་ལམ་སྲོལ་ཆ་ཚང་ཞིག་ཆགས་པ་བྱས་ཡོད། དགོན་སྡེ་ཚང་མར“གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། ལམ། ཆུ། གློག རླུང་འཕྲིན་བརྙན་འཕྲིན། འཕྲིན་ཐུང་། ཚགས་པར། རིག་གནས་དེབ་ཁང་བཅས” “ཡོད་པ་དགུའི”འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བཅས་ཁྱབ་པ་བྱས་ནས་ལོ་ལྟར་རིན་མེད་ངང་ཁོང་ཚོར་གཟུགས་པོར་བརྟག་དཔྱད་དང་འབྲེལ་བདེ་ཐང་ཡིག་ཚགས་བཟོས་ཡོད།

    ལོ་དེ་དག་ནང་རང་སྐྱོང་ལྗོངས་ཀྱིས་ཆེད་དངུལ་བཏང་ནས་དགོན་སྡེ་ཚང་མར་གཙོ་འཛིན་གྱི་སྐུ་པར་དང་། རྒྱལ་དར། གློག རླུང་འཕྲིན་བརྙན་འཕྲིན། ཚགས་པར། རིག་གནས་དེབ་ཁང་བཅས་ཡོད་པ་བྱས་ཤིང་། དགོན་སྡེ་1785ལ་ལམ་ཤར་གཏོང་ཐུབ་པ་དང་། དགོན་སྡེ་1779ལ་ཆུ་ཡོད་པ། དགོན་སྡེ་1736ལ་འཕྲིན་ཐུང་ཤར་གཏོང་ཐུབ་པ་བཅས་བྱུང་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ས་ཁུལ་དང་གྲོང་ཁྱེར། རྫོང་དང་གྲོང་ཁྱེར་དང་ཆུས་བཅས་སུ་དྲོད་ཁང་། ཁྲུས་ཁང་། གད་གཞོང་། ཟ་ཁང་སོགས་རྣམ་གྲངས་མང་དུ་བཏང་ཡོད།

    2014ལོའི་ཟླ་9པར་རང་སྐྱོང་ལྗོངས་ཀྱིས་སླར་ཡང་བྱེད་ཐབས་གསར་པ་བཏོན་ནས་ལོ་ན་རྒས་པའི་གྲྭ་བཙུན་གྱི་རྒན་གསོའི་གནད་དོན་གྱི་དོན་དངོས་ལ་དམིགས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་ལྗོངས་ཡོངས་ཀྱི་དགོན་སྡེ་45ཡི་གྲྭ་བཙུན་བརྒྱ་ཡན་ཡོད་པའི་དགོན་སྡེར་གཅིག་གྱུར་ཐོག་རྒན་གསོ་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།

    “ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་པ”

    “ཆོས་ལུགས་ལས་དོན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱིས་དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་བྱུང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱ་ཆེད་རང་སྐྱོང་ལྗོངས་ཀྱིས་2011ལོ་ནས་བཟུང་ལྗོངས་ཡོངས་སུ“ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ”སྤེལ་ནས་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ལ་རང་སྐྱོང་ལྗོངས་དང་། ས་ཁུལ (གྲོང་ཁྱེར) རྫོང(ཆུས)བཅས་རིམ་གསུམ་གཟེངས་བསྟོད་བྱེད་པ་དང་། ཁྲིད་སྟོན་བཟང་པོ་འཛུགས་པ། རྒྱ་ཆེའི་གྲྭ་བཙུན་ཚོ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བཅས་བྱས་ཡོད། འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་སྟོབས་འབྱོར་གྱིས“གཏོད་འདེམས་བྱེད་སྒོས་གྲྭ་བཙུན་ཚང་མར་གཟི་བརྗིད་ཚོར་སེམས་དང་སྤོབས་སེམས་ཡོད་པར་གྱུར་ཞིང་། རྒྱལ་གཅེས་ཆོས་གཅེས་དེ་རིམ་གྱིས་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད”ཅེས་བཤད།

    2015ལོའི་ཟླ་4ཚེས་5ཉིན་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་སྦྱོང་མཁན་དགེ་འདུན་པར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པ་དང་མཚན་ཉིད་རྩོད་པའི་དཔྱད་ཞིབ་རིམ་སྤོར་མཛད་སྒོ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་འཚོགས་པ་རེད།

    ན་ནིང་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཐའ་མཚམས་དང་ཐག་རིང་ལུང་ཁུག་དགོན་སྡེའི་གྲྭ་བཙུན་ཚོར་གཅིག་སྡུད་གསོ་སྦྱོང་བྱེད་པའི་ལས་ཀའི་འཆར་འགོད་བཟོས་ནས་ལོ་གཉིས་དང་ལོ་ཕྱེད་སྤྱད་ནས་ལྗོངས་ཡོངས་ཀྱི་མཐའ་མཚམས་དང་ཐག་རིང་ལུང་ཁུག་གི་དགོན་སྡེ་དང་ལྷ་ཁང་གི་གཞོན་དར་གྲྭ་བཙུན་2000ལ་གཅིག་སྡུད་གསོ་སྐྱོང་གི་འཆར་གཞི་བཏོན་ཞིང་། མིག་སྔར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་བཞི་གཉེར་ནས་མཐའ་མཚམས་དང་ཐག་རིང་ལུང་ཁུག་གི་དགོན་སྡེའི་གྲྭ་བཙུན་400གསོ་སྐྱོང་དང་གསོ་སྦྱོང་བྱས་ཡོད།

    “དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོས་ལུགས་ལས་རིགས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ”

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཆོས་ལུགས་ལས་དོན་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཐུན་སྒྲིལ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འདི་ལོའི་ཚོགས་འདུ་གཉིས་ཐོག་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་པོ་གནང་བ་དང་། སྲིད་ཞུགས་སྲིད་གླེང་ཧུར་ཐག་གནང་ཡོད། ཁོང་ཚོས་བླ་མ་སྐྱེས་ཆེན་གྱིས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་ཤིང་། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་ཐབས་དང་ཇུས་བཏོན་ནས་འགྲོ་དྲུག་ལ་བདེ་སྐྱིད་བསྐྲུན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཆབ་སྲིད་བཀོད་སྒྲིག་བྱེད་པའི་ཐད་ཡར་ཐོན་རང་བཞིན་དང་མཚོན་བྱེད་རང་བཞིན་ཟུང་དུ་འབྲེལ་བའི་རྩ་དོན་མངོན་དགོས་པ་ལྟར་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་ཀུན་མོས་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རིམ་ཁག་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། ནང་བསྟན་མཐུན་ཚོགས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ནང་ཆབ་སྲིད་བཀོད་སྒྲིག་འོས་འཚམ་བྱས་ནས་ཁོང་ཚོའི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔར་ཆོས་ལུགས་ལས་རིགས་མི་སྣ་12རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་དང་ཆོས་ལུགས་ལས་རིགས་མི་སྣ་115སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་ལ་བདམས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།