[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དཔྱད་གཏམ།
  • འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་བཅུ་གཅིག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2015-09-15

    “ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་དམིགས་བསལ་གྱི་གླ་ཕོགས་སྲིད་ཇུས་དང་འབྲེལ་ཡོད་ཕོགས་སྣོན་གྱི་ཐོབ་ཐང་སྲིད་ཇུས་བཟོས་ཡོད། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཁོང་ཚོའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་སྐུལ་ལྕག་གནང་བ་འདུས་པ་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་མངགས་བཅོལ་དང་ཐུགས་རེ་ཟབ་མོ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་ལྷག་བསམ་ཟོལ་མེད་དང་བབ་ཆགས་ཀྱི་བཀའ་མོལ་དང་མི་སེམས་ལ་ཟུག་པའི་སྟོབས་ཤུགས་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་དང་མི་སྣར་རག་ལུས་ཡོད། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་གཅིག་ནས་ཏང་གི་འགོ་ཁྲིད་སྲ་ཞིང་བརྟན་ལ་ནུས་ལྡན་ཡིན་མིན་ལ་རག་ལུས་པ་དང་། ཕྱོགས་གཞན་ཞིག་ནས་ཏང་གི་ཐབས་ཇུས་བཀོད་སྒྲིག་ལྷག་བསམ་རྣམ་དག་ངང་ལག་བསྟར་དོན་འཁྱོལ་བྱེད་མཁན་ལས་བྱེད་པ་དང་ལས་བཟོའི་དཔུང་ཁག་ལ་རག་ལུས་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཆེན་པོ་དེ་བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་འབད་འབུངས་ཆེར་སྐྱེད་ཀྱིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དྲང་ནུས་ཆེན་པོ་གཅིག་ཏུ་བསྡུས་ནས་བསམ་པའི་ཉམས་འགྱུར་གསར་པ་དང་ལས་ཀའི་གྲུབ་འབྲས་ཕུལ་བྱུང་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་དགོས།

    “དུས་ཡུན་རིང་པོའི་ནང་གུང་ཁྲན་ཏང་ཡོན་མི་རབས་མང་པོས་ཀུན་ལ་དབང་བ་དང་ཀུན་ལ་བདག་པའི་ལོངས་སྤྱོད་དོར་ནས་གངས་ལྗོངས་ས་མཐོར་གཞིས་ཆགས་ཏེ་དཀའ་སྤྱད་འབད་བརྩོན་བྱས་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོའི་སྤྱོད་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་དེ་ནི་ང་ཚོས་མཐུན་སྒྲིལ་འབད་འཐབ་དང་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་བསམ་པའི་སྒུལ་ཤུགས་ཤིག་རེད། ལོ་རབས་གཅིག་གི་མི་སྣར་ལོ་རབས་དེ་གའི་མི་སྣའི་ལས་འགན་ཡོད་པས་དུས་ཚོད་གང་རུང་དུ་འཇུངས་པ་མེད་པའི་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ནམ་ཡང་དོར་མི་རུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། ཁེ་གྲགས་མི་གཉེར་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་དགོས།

    ཕུལ་བྱུང་གི་སྤྱོད་ཚུལ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ནི་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་དམིགས་བསལ་གྱི་ནོར་སྲིད་དང་། ཁྲལ་བསྡུ། མ་འཇོག དངུལ་རྩ་སོགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་སུ་བཏང་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་བསྐྱོད་དེ་སྦྱོང་བརྡར་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་སྔར་བས་གསལ་སྟོན་བྱས་ཡོད། རོགས་སྐྱོར་ཐོབ་པའི་ས་ཁུལ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་སྔར་བས་གཅེས་སྤྲས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ་དང་། ཏང་དང་རྒྱལ་ཁབ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་ཁུར་བའི་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་ཐོག་ནས་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་ཆེན་པོ་འདོན་སྤེལ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། བོད་སྐྱོར་ལས་བྱེད་པར་བརྩེ་བ་ཟབ་མོས་ཐུགས་ཁུར་བྱེད་པ་དང་། བོད་སྐྱོར་རྣམ་གྲངས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། བོད་སྐྱོར་མ་དངུལ་ཁག་ཡག་པོ་སྤྱོད་པ་བཅས་བྱས་ཏེ་འཛམ་གླིང་དུ་འགྲན་ཟླ་བྲལ་བའི་རྒྱལ་ཡོངས་ཀྱི་རོགས་སྐྱོར་བྱེད་སྟངས་ཀྱིས་གངས་ལྗོངས་ས་མཐོར་འོད་སྟོང་འཕྲོ་ཐུབ་པ་བྱེད་དགོས།

    མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་གཞི་རྩའི་སྟོབས་ཤུགས་དང་བརྟེན་ས་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་མི་རིགས་ཁག་གི་མི་དམངས་དང་མང་ཚོགས་རྣམས་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་ཆད་ལུས་མེད་པར་ཁྱབ་པ་བྱེད་པ་དང་ངོ་ཐུག་གདོང་འཕྲད་དང་། གཅིག་སེམས་གཅིག་རྟེན། ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་ལས་བཟོ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལས་བྱེད་ལས་བཟོ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་དང་། ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག ཁོང་ཚོའི་ཁྲོད་གནས་པའི་ཟད་མཐའ་མེད་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་མི་སེམས་དང་། སྟོབས་ཤུགས། བློ་རིག་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཐོག་གཅིག་སྒྲིལ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་ཐད་གཅིག་སྒྲིལ་ཐུབ་པ་བྱེད་དགོས།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེའི་འཕེལ་རིམ་ལ་སྐུལ་མ་གཏོང་བའི་ཁྲོད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་310ནི“ལས་དབང་གཅིག་མཐུན་ཚོགས་པ”ཞིག་རེད། ང་ཚོས་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱས་ཚེ་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་འགྲིལ་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།