[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>རིག་རྩལ།
  • བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་བྱེད་རྟེན་རྫས་བཤམས་མཛོད་ཁང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-22

    202275_yis_1440133190275.jpg

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་།

    རྟེན་རྫས་བཤམས་མཛོད་ཁང་ནི་རང་བྱུང་དང་མིའི་རིགས་ཀྱི་ཤུལ་བཞག་མཚོན་པའི་དངོས་རྫས་འཚོལ་བསྡུ་དང་། ཉར་ཚགས། བཤམས་སྟོན། ཞིབ་འཇུག་བཅས་བྱ་ཡུལ་ཞིག་རེད། དེར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འོད་སྟོང་འབར་བའི་ལོ་རྒྱུས་གཅེས་ཉར་བྱས་ཡོད་པ་དང་དེར་མི་རིགས་ཤིག་གི་རིག་གནས་གཅིག་སྡུད་བྱས་ཡོད།

    རྟེན་རྫས་བཤམས་མཛོད་ཁང་མེད་པ་ནས་ཡོད་པའི་བར་གྱི་འགྱུར་ལྡོག་ནི་བོད་ཀྱི་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཀྱང་རེད། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཁག་ཏུ་བསྐྱོད་ཚེ་བོད་མི་རིགས་ཀྱི་འཕེལ་རིམ་དང་ལོ་རྒྱུས་རིག་གནས་མཐོང་བ་ལྟར། རྟེན་རྫས་བཤམས་མཛོད་ཁང་ནས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་ཐུབ།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་།

    བོད་ཀྱི་ཕྱོགས་བསྡུས་རང་བཞིན་དང་དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཡིན་ཞིང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དྲིལ་བསྒྲགས་བྱེད་པའི་རྟེན་གཞི་གཙོ་བོ་དང་། བོད་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་འགྲེམས་སྟོན་བྱེད་གནས་གལ་ཆེན། འཛམ་གླིང་སྐྱེ་བོས་བོད་ལ་ཤེས་རྟོགས་དང་རྒྱུས་མངའ་བྱེད་པའི་སྐར་ཁུང་གལ་ཆེན་བཅས་སུ་རིམ་བཞིན་འགྱུར་བཞིན་ཡོད།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་རྩ་ཆེའི་དངོས་རྫས་འབོར་ཆེན་ཞིག་ཡོད་པ་དང་མི་རབས་ནས་མི་རབས་བར་ལག་བྲིས་བརྒྱབ་པའི་བོད་ཡིག་རྩ་ཆེའི་གཞུང་ལུགས་དང་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་བླ་མ་སྐྱེས་ཆེན་ཁག་ལ་གནང་བའི་གསེར་ཐམ་ལས་ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་པ་དང་། གསེར་བུམ་དཀྲུག་པའི་མཛད་སྒོ་ལས“སྤྲུལ་སྐུའི་ཡང་སྲིད་ངོས་འཛིན”ལམ་ལུགས་ཀྱི་ངོ་མཚར་བདེན་དཔང་བྱེད་པ། རྒྱུ་ཆ་དང་བཟོ་དབྱིབས་མི་འདྲ་བའི་སངས་རྒྱས་ཀྱི་སྐུ་འདྲ་ལས་ཡུལ་དེར་ཆོས་ལུགས་ལ་བླ་ན་མེད་པའི་གནས་བབ་ལྡན་པ་མཚོན་པ། ཚོན་མདོག་སྣ་ལྔའི་ཐང་ག་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྫ་ཆས། རོལ་ཆས་སྣ་ཚོགས་བཅས་ནི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་མཚོན་ཚུལ་ཡིན་པ་རེད།

    བོད་ལྗོངས་གཡག་རྟེན་མཛོད་གླིང་།

    “འབྲི་གཡག་མེད་ན་བོད་རིགས་མེད་པ་དང་བོད་ཀྱི་ས་ཆ་ཡིན་ཕྱིན་འབྲི་གཡག་ཡོད”ཅེས་ལྷ་སའི་འཛམ་གླིང་གི་གཡག་རྟེན་མཛོད་གླིང་དང་པོ་དེའི་འགྲེམས་ཁང་དང་པོ—འབྲི་གཡག་གི་དྲིན་ཚོར་བ་ཞེས་པའི་ཚོམས་ཆེན་གྱི་སྒོ་འཛུལ་སར་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནས་བྲིས་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་འཚོ་བཞུགས་སྐབས་གསུངས་པའི་གྲགས་ཅན་གསུང་ཚིག་ཅིག་འཁོད་ཡོད།

    གངས་ལྗོངས་ས་མཐོར་ཡོད་པའི་འཛམ་གླིང་སྟེང་གི་གཡག་རྟེན་མཛོད་གླིང་ཐོག་མ་དེ་ཐོན་པ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་གྱི་དེང་རབས་ཀྱི་དོན་སྙིང་ལྡན་པའི་རྟེན་རྫས་བཤམས་མཛོད་ཁང—བོད་ལྗོངས་གཡག་རྟེན་མཛོད་གླིང་དེ་2014ལོའི་ཟླ་5ཚེས་18ཉིན་དངོས་སུ་སྒོ་ཕྱེ་བ་རེད།

    བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་རང་བྱུང་དང་ཚན་རིག་དང་མཐུན་པའི་འབྲི་གཡག་དང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲི་གཡག བསམ་བློ་དང་སྒྱུ་རྩལ་གྱི་འབྲི་གཡག་བཅས་གྲུབ་ཆ་གསུམ་ནས་འབྲི་གཡག་གི་རིག་གནས་འགྲེམས་སྟོན་བྱས་ཡོད། “འབྲི་གཡག་དང་མཉམ་འགྲོགས་ཚོམས་ཆེན”དུ་གཡག་རྟེན་མཛོད་གླིང་གིས་པར་རིས་དང་ཡི་གེ བརྙན་ལམ། ཐང་ག་བཞེངས་པ་སོགས་རྣམ་པ་མི་འདྲ་བ་བརྒྱུད་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཆབ་སྲིད། དཔལ་འབྱོར། ཆོས་ལུགས་བྱེད་སྒོ། དེ་བཞིན་དམག་དོན་དམག་འཁྲུག་ཁྲོད་འབྲི་གཡག་གི་དགོས་མཁོ་བསྟན་པ་དང་། དེས་ན“མཛེས་པའི་འབྲི་གཡག་ཚོམས་ཆེན”དུ་བསམ་བློ་དང་སྒྱུ་རྩལ་སྐོར་གྱི་འབྲི་གཡག་འགྲེམས་སྟོན་བྱས་ཡོད།

    ཀྲུང་གོ་ནི་འབྲི་གཡག་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་འབྲི་གཡག་ཚན་ཞིབ་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། འབྲི་གཡག་ནི་ས་མཐོའི་གཅེས་ནོར་ཡིན་པའི་ངོས་ནས་ལོ་ངོ་སྟོང་ཕྲག་རིང་ས་མཐོའི་མི་དམངས་དང་མཉམ་འགྲོགས་བྱེད་པ་དང་ས་མཐོའི་མི་དམངས་ཀྱི་སྙིང་སྟོབས་དང་གཤིས་རྒྱུད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཐོག ས་མཐོའི་མི་དམངས་ཀྱི་སེམས་བཟང་དང་ལས་ལ་བརྩོན་པ། བློ་བརྟན་འགྱུར་མེད་དང་གཟབ་བརླིང་ལྡན་པའི་གཤིས་རྒྱུད་མཚོན་ནས་མཚོ་བོད་ས་མཐོའི་དམིགས་བསལ་གྱི་མཚོན་བྱེད་དང་མཚོན་རྟགས་ཤིག་ཏུ་གྱུར་ཡོད། “འབྲི་གཡག་གི་གསང་བ་བཙལ་འཚོལ་ཚོམས་ཆེན”དུ་ས་ཁུལ་མི་འདྲ་བའི་ཀྲུང་གོའི་འབྲི་གཡག་གི་རིགས་རྒྱུད་13འགྲེམས་སྟོན་བྱས་པ་དང་རྒྱུད་ཀྱི་ས་བོན་དང་། ས་བབ། ས་ཆུ་བཅས་མི་འདྲ་བའི་རྐྱེན་གྱིས་འབྲི་གཡག་དེ་དག་གི་གཟུགས་ཚད་ལ་ཧེ་བག་ཆེན་པོ་ཡོད།

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་།

    ལྷ་སའི་གྲོང་ཤར་དུ་ཡོད་པའི་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ནི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་། ཚན་རྩལ་ཁང་། འགྲེམས་སྟོན་ཁང་བཅས“ཁང་གསུམ་གཞི་གཅིག་ཅན”གྱི་སྤྱི་ཕན་རང་བཞིན་གྱི་ཕྱོགས་བསྡུས་རྣམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་མོ་ཞིག་རེད།

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཟིན་རྗེས། འགྲེམས་སྟོན་དང་སློབ་གསོ་དང་། ཚན་རིག་ཞིབ་འཇུག་དང་སྤེལ་རེས། ཉར་ཚགས་དང་བཟོ་སྐྲུན། སྤྲོ་གསེང་དང་ཡུལ་སྐོར་བཅས་གཞི་གཅིག་ཅན་དང་། ཚན་རྩལ་རང་བཞིན་དང་། དེའི་ཁྲོད་ཞུགས་པའི་རང་བཞིན། སྤྲོ་སྣང་དོད་པའི་རང་བཞིན་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྣམ་པའི་ཚན་རིག་ཁྱབ་གདལ་སློབ་གསོ་དང་ཡུལ་སྐོར་ལྟ་སྐོར་རྟེན་གཞི་ཞིག་ཏུ་འགྱུར་རྒྱུ་རེད།

    རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ལ་རྒྱུན་གཏན་འགྲེམས་ཁང་དང་གནས་སྐབས་འགྲེམས་ཁང་གཉིས་སུ་དབྱེ་ཡོད། རྒྱུན་གཏན་འགྲེམས་ཁང་དུ་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་། ཚན་རྩལ་ཁང་། འགྲེམས་སྟོན་ཁང་བཅས་ཚུད་པའི་ནང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དུ་སའི་གོ་ལའི་ཡང་རྩེ་དང་། ངོ་མཚར་ཆེ་བའི་རི་ཆུ། ཚེ་སྲོག་གི་ངོ་མཚར། སྣོད་བཅུད་སྲུང་ཡོལ་བཅས་གྲུབ་ཆ་བཞི་ཚུད་པ་དང་། ཚན་རྩལ་ཁང་དུ་བོད་ཡུལ་གྱི་བློ་རིག་དང་། ཚན་རྩལ་གྱི་གཟི་འོད། ས་མཐོར་མྱོང་རོལ། ཚན་རྩལ་དགའ་ཚལ། ཚན་རྩལ་གསར་ཤོས་བཅས་གྲུབ་ཆ་ལྔ་ཚུད་པ་དང་དུས་མཚུངས་སུ་གསར་དུ་བསྣན་པའི་ཐུན་མོང་མ་ཡིན་པའི་གནམ་དཔྱད་ཚན་རྩལ་ཁྱབ་གདལ་གྱི་རྨང་གཞིའི་སྒྲིག་བཀོད—ཁ་ཞེང་སྨི་གཅིག་རིམ་པའི་རྒྱང་ཤེལ་ལ་གནམ་དཔྱད་ལྟ་འཇལ་དང་། ཚན་རྩལ་ཁྱབ་གདལ། ཞིབ་འཇུག་སོགས་ཀྱི་ནུས་པ་ལྡན་པས་སྐབས་དེ་དང་བསྟུན་ནས་རྒྱལ་སྤྱིའི་གནམ་དཔྱད་ཞིབ་འཇུག་རྟེན་གཞི་གལ་ཆེན་དུ་འགྱུར་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་བྱས་པའི་ཚན་རྩལ་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་པ་དེས། མི་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལོ་རྒྱུས་དང་། རིག་གནས། རང་བྱུང་མཛེས་ལྗོངས། ཚན་རིག་ལག་རྩལ་ཆུ་ཚད་བཅས་ལ་ཤེས་རྟོགས་སྔར་བས་གཏིང་ཟབ་བྱེད་པ་དང་འབྲེལ། མི་ཚོར་ཚན་རྩལ་དང་ཤེས་བྱར་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྐུལ་འདེད་ཐུབ་ཀྱི་ཡོད། རྟེན་རྫས་བཤམས་མཛོད་ཁང་དེ་གཞོན་ནུ་ལོ་ཆུང་ཚོ་རོལ་རྩེད་དང་། སློབ་སྦྱོང་། ལག་བསྟར་བཅས་བྱེད་པའི་ཁྱིམ་གཞིས་སུ་འགྱུར་རྒྱུ་མ་ཟད། སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད།

    202274_yis_1440133190072.jpg

    ཡུལ་སྐོར་བས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱེད་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།