[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>རིག་རྩལ།
  • ལྷ་མོས་ལྷ་སའི་ཞོ་སྟོན་ལ་བཀྲག་མདངས་བསྣན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-22

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་14ནས་ཚེས་20ཉིན་བར་ནི་བོད་ཀྱི་ལོ་གཅིག་དུས་གཅིག་གི་ཞོ་སྟོན་ཡིན་པ་དེ་བོད་ཀྱི་ལོ་གསར་ཕུད་པའི་དུས་ཆེན་གཟབ་རྒྱས་ཤིག་ཡིན་ཞིང་། དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོ་འཁྲབ་སྟོན་བྱས་པ་ལས་བགྲང་ལས་འདས་པའི་བོད་རིགས་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འགུགས་པ་དང་མི་རྣམས་ཀྱིས་རང་སར་བསྡད་ནས་དུས་ཆེན་གྱི་སྤྲོ་སྐྱིད་ལོངས་སྤྱོད་གང་ལེགས་བྱེད་བཞིན་ཡོད་པ་རེད།

    ཚེས་14ཉིན་ནས་བཟུང་མི་རྣམས་ཀྱིས་སྔ་པོ་ནས་སྤྱི་གླིང་དུ་འཛོམས་ནས། ཐང་སྟེང་དུ་གཉེན་ཉེ་དང་གྲོགས་པོ་རྣམས་རང་འདོད་དུ་བསྡད་དེ་ཇ་བསྲུབས་མ་དང་། ཇ་མངར་མོ། ཆང་སོགས་བཀྱག་རས་ཀྱིས་དུས་ཆེན་གྱི་སྨོན་འདུན་ཞུ་བར་བྱེད། སྤྲོ་སྣང་ཆེ་བའི་དུས་སུ་ཕོ་མོ་རྒན་གཞོན་ཚོས་སྐད་གསང་མཐོན་པོས་བོད་གཞས་གཏོང་གི་ཡོད་པས་ཡུལ་སྐོར་བའི་ཡིད་དབང་འཕྲོག

    ལུས་ལ་སྲོལ་རྒྱུན་གྱི་ཕྱུ་པ་དཀར་པོ་གྱོན་པ་དང་ལག་ཏུ་ཕྲེང་བ་འཁྱེར་བའི་ད་ལོ་ལོ་80ལ་སླེབས་པའི་རྒད་པོ་རྡོ་རྗེས་མི་ཚོགས་ཁྲོད་ནས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང《པད་མ་འོད་འབར》གྱི་རྣམ་ཐར་བཏང་བ་དང་ལྷ་མོ་དངོས་སུ་འཁྲབ་སྟོན་མ་བྱས་གོང་རྒད་པོའི་གླུ་སྒྲས་མི་རྣམས་མྱོས་པར་གྱུར།

    རྒད་པོས་གསར་འགོད་པར། ཞོ་སྟོན་རིང་གི་ལྷ་མོའི་འཁྲབ་སྟོན་ལོ་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་འདུག་ལ་དུས་ཆེན་གྱི་རྣམ་པའང་སྔར་བས་ཟབ་ཏུ་ཕྱིན་འདུག “རང་ཉིད་ལོ་80ལ་སླེབས་ནའང་ལོ་ལྟར་གྱི་ཞོ་སྟོན་རིང་ལྷ་མོ་བལྟ་བར་ཡོང་གི་ཡོད། དུས་སང་ད་དུང་ཡོང་གི་ཡིན”ཞེས་བཤད་བྱུང་།

    ཆུ་ཚོད་11ཙམ་དུ་རྔ་སྒྲ་དང་རོལ་ཆའི་སྒྲ་གྲགས་པ་དང་དུས་མཚུངས་ལྷ་མོ་འཁྲབ་སྟོན་བྱེད་འགོ་ཚུགས། ལག་ཏུ་ཚོན་ཁྲ་ཅན་གྱི་མདའ་འཁྱེར་བ་དང་ལུས་ལ་སྣམ་བུ་དཀར་པོའི་ཕྱུ་པ་གྱོན་པའི་འཁྲབ་སྟོན་པ་ཞིག་གིས་འབག་དཀར་པོ་གྱོན་ནས་རྔ་སྒྲར་བསྟུན་ནས་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་དེ་རྗེས་ལྷ་མོ་བ་ཚོས་རྣམ་ཐར་་བཏང་ནས་ལྡེམ་ལྡེམ་འཁྱུག་འཁྱུག་གིས་ལྷ་མོ་འཁྲབ།

    བོད་རིགས་རྒན་རྒོན་རྣམས་ཀྱིས་ལྷ་མོ་ལྟ་ཞོར་དུ་མ་ཎི་ལག་འཁོར་བསྐོར་བ་དང་། ན་གཞོན་ཚོས་འཁྲབ་སྟོན་པའི་འཁྲབ་རྩལ་སྐོར་གླེང་མོལ་བྱེད་པ། ཕྲུ་གུ་ཚོས་བསྟན་བཤིག་ཚ་བའི་ལྷ་མོའི་འབག་ལ་མཛུབ་མོ་བཙུགས་ཏེ་ཐལ་མོ་བརྡེབས་ནས་གད་མོ་དགོད་པ། ཡུལ་སྐོར་བ་ཚོས་པར་ཆས་ཁྱེར་ནས་ལྷ་མོ་ཆད་ལུས་མེད་པར་པར་རྒྱག་པ་བཅས་བྱེད། རྣ་བར་འཁྲབ་སྟོན་པ་ཚོའི་སྙན་འཇེབས་ལྡན་པའི་རྣམ་ཐར་གྲགས་པ་དང་སྤྱན་ལམ་དུ་འཁྲབ་སྟོན་པའི་མཛེས་ཤིང་ཡིད་དུ་འོང་བའི་གར་སྟབས་འཆར།

    ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ལས་དོན་པ་བློ་བཟང་གིས། “ཞོ་སྟོན་རིང་གོས་སྐུ་འགྲེམ་པ་དང་། ལྷ་མོ་བལྟ་བ། ཞོ་འཐུང་བ་སོགས་བྱེད་ཀྱི་ཡོད་པ་དེ་བོད་མི་དམངས་ཀྱི་ལོ་གཅིག་དུས་གཅིག་གི་དུས་ཆེན་གཟབ་རྒྱས་ཤིག་རེད་ཅེས་ངོ་སྤྲོད་བྱས་ནས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞོ་སྟོན་རིང་ལྷ་མོ་འཁྲབ་མཁན་ཁྱོན་200ལྷག་ཙམ་ཡོད་པའི་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་སོགས་ནས་ཡོང་བའི་ལྷ་མོ་རུ་ཁག་བདུན་དང་། དེ་བཞིན་གཟིགས་ཕུད་འབུལ་མཁན་དཔུང་ཁག་གཉིས་ཀྱིས་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་གྲོང་མི་ཚོར་ཉིན་བདུན་བསྟུད་མར་ལྷ་མོ་འཁྲབ་སྟོན་བྱས་ཡོད་པ་རེད།

    ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོའི་སྒྲུང་མང་ཆེ་བ་ནི་དམངས་ཁྲོད་གཏམ་རྒྱུད་དང་། ལོ་རྒྱུས་གཏམ་རྒྱུད། ནང་བསྟན་གྱི་རིག་གཞུང་སོགས་ལས་བྱུང་བ་ཡིན་པ་དེར“བོད་རིག་གནས་ཀྱི་འགྱུར་རྡོ་གསོན་པོའི”ཞེས་སུ་གྲགས། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལྷ་མོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ཁག་དང་པོའི་ནང་ཚུད་པ་དང་། 2009ལོར་ལྷ་མོ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས”ཀྱི་དཀར་ཆག་གྲས་སུ་ཚུད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།