[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>རིག་རྩལ།
  • ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ“བྱ་འཕུར་གློད་པའི་དུས་ཚིགས—བོད་ཀྱི་བྱ་འཕུར་རིག་གནས་གསར་གཏོད་འགྲེམས་སྟོན”བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཉི་མ་ཚེ་རིང་།    |    སྤེལ་དུས།   2015-08-12

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་འགན་སྒྲུབ་བྱས་པའི“བྱ་འཕུར་གློད་པའི་དུས་ཚིགས—བོད་ཀྱི་བྱ་འཕུར་རིག་གནས་གསར་གཏོད་འགྲེམས་སྟོན”ཟླ་བ་འདིའི་ཚེས་10ཉིན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པ་རེད།  ཐེངས་འདིའི་འགྲེམས་སྟོན་ཚེས་10ནས་16བར་སྤེལ་རྒྱུ་ཡིན་པས་བྱ་འཕུར་ལ་དགའ་ཞེན་ཡོད་པའི་ཕོ་མོ་རྒན་གཞོན་རྣམ་པས་དུས་ཚོད་དེའི་རིང་བྱ་འཕུར་གྱི་བཟོ་རྩལ་དང་། འཕེལ་རིམ། བརྩམས་ཆོས་སོགས་ལ་བལྟས་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁོངས་སུ་གཏོགས་པའི་བོད་ཀྱི་བྱ་འཕུར་ལ་རོལ་མྱོང་བྱེད་ཐུབ།   ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར། བྱ་འཕུར་ནི་བོད་ཀྱི་དབུས་གཙང་གཉིས་ཀྱི་ས་ཆར་དར་བཟོ་ཆེན་པོ་ཡོད་པ་དང་། ལོ་ལྟར་སྟོན་ཀའི་མཚམས་སུ་ས་སྟོང་ངམ་ཐང་ཆེན་ཞིག་བཙལ་ནས་བྱ་འཕུར་གློད་ཀྱི་ཡོད། དེང་གི་དུས་སུ་ལྷ་སའི་གཙང་པོའི་འགྲམ་དུ་ན་གཞོན་རྣམས་འཛོམས་ནས་བྱ་འཕུར་གློད་ཀྱི་ཡོད་པས་ལྷ་སའི་གཙང་པོ་དེ་བྱ་འཕུར་ལ་དགའ་མཁན་ཚོའི་རྟེན་གཞི་ཞིག་ཏུ་གྱུར། སྔོན་གྱི་དུས་སུ་སྤྱི་ཚོགས་ཧྲིལ་པོའི་འཚོ་བའི་ཆུ་ཚད་དམའ་པོ་ཡོད་པས་བོད་ཀྱི་ས་ཁུལ་དུ་བྱ་འཕུར་གློད་མཁན་ཕལ་མོ་ཆེ་སྐུ་དྲག་དང་ཁྱིམ་ཚང་ཕྱུག་པོའི་མི་ཚང་ཡིན་པ་རེད། དེང་གི་དུས་སུ་བོད་ལ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་ནས་ཁྱིམ་ཚང་ཚང་མའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པས་བྱ་འཕུར་ལ་དགའ་ཞེན་ཡོད་པའི་སྐྱེ་བོ་ཕོ་མོ་ཚང་མས་བྱ་འཕུར་འདྲ་མིན་སྣ་ཚོགས་ཉོས་ནས་དགུང་སྔོན་དབྱིངས་སུ་གློད་ཀྱི་ཡོད། བོད་ལ་སྲོལ་རྒྱུན་གྱི་རྩེད་མོའི་རིགས་མི་འདྲ་བ་མང་པོ་ཡོད་མོད། འོན་ཀྱང་ཁྲོམ་རའི་དཔལ་འབྱོར་ཐོག་འགྲོ་ཐུབ་མཁན་སྔ་ཤོས་བྱ་འཕུར་ཡིན་པས། ལོ་ལྟར་ད་ལྟའི་མཚམས་སུ་བྱ་འཕུར་བཟོ་མཁན་ཚོར་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་དྲིལ་བསྒྲགས་པུའུ་ཡི་ནང་དུ་ལས་ཀ་བྱེད་བཞིན་ཡོད་པའི་འགྲན་ཞུགས་པ་བསོད་ནམས་ཚེ་རིང་ལ་ཆ་མཚོན་ན། ཁོ་བོ་ཆུང་དུས་ནས་བྱ་འཕུར་གློད་རྒྱུར་དགའ་ཞེན་ཆེན་པོ་ཡོད་པས་དུས་ཚོད་རིང་པོ་མི་འགོར་བར་བྱ་འཕུར་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་རེད།  ཁོང་གིས་བཟོས་པའི་བྱ་འཕུར་ལ་ཡུལ་མི་ཚོས་མཐེ་བོང་དགུང་དུ་བསྒྲེངས་ནས་བསྟོད་བསྔགས་ཆེན་པོ་གཏོང་གི་ཡོད་པས་ད་ཐེངས་ཀྱི་འགྲེམས་སྟོན་ནང་དུ་ཞུགས་པའི་སྙིང་སྟོབས་ཇེ་བརྟན་དུ་སོང་བ་རེད། ཐེངས་འདིའི་འགྲེམས་སྟོན་ནང་དུ་ཁོང་གིས་སྐུད་པས་བསླས་པའི་བྱ་འཕུར་དེ་གསར་བཟོའི་བྱ་འཕུར་ཁྲོད་དུ་འབུར་དུ་ཐོན་པ་ཞིག་ཡོད་པས་རྒྱ་ཆེའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།  ཁོང་གིས་གསར་འགོད་པར“རྗེས་ཀྱི་ལོ་ཟླའི་ནང་དུ་རང་ཉིད་ཀྱི་བརྩམས་ཆོས་གང་ལེགས་བརྩམས་ནས་རྒྱ་ཆེའི་མང་ཚོགས་ཚོའི་སྤྱན་ལམ་དུ་བཤམ་རྒྱུ་ཡིན”ཞེས་བཤད། 

    བོད་ཀྱི་སྲོལ་རྒྱུན་བྱ་འཕུར་གྱི་རི་མོར་ཆ་མཚོན་ན། རྒྱའུ་དང་། མཆེ་བ། པང་གདན། མིག་ལོག  མགོ་དམར། རྒྱ་བོ་ཨོག་རྟགས། པྲ་ཁྲ། ཟེ་མ་ར་མགོ  ཁམ་བུ་སོགས་ཡིན་ཡང་ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བྱ་འཕུར་བཀྲ་ཤིས་རྟགས་བརྒྱད་དང་། བྱ་འཕུར་ཀ་མད་སུམ་ཅུ། བྱ་འཕུར་ཕུ་མེད་སྟོད་ཐུང་། བྱ་འཕུར་འབྲུག་རིས་ཅན་སོགས་གསར་དུ་བཟོས་པའི་བྱ་འཕུར་རིགས་མང་དག་ཅིག་མཐོང་རྒྱུ་ཡོད།  2006 ལོར་བྱ་འཕུར་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁོངས་སུ་གཏོགས་པ་ནས་བཟུང་བྱ་འཕུར་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་དང་གཏོང་མུས་ཡིན་པས་མ་འོངས་པའི་ལོ་ཟླའི་ནང་དུ་མཁའ་དབྱིངས་སུ་ཚོན་རིས་བཀྲ་བའི་བྱ་འཕུར་གྱི་རྣམ་པ་དེ་བས་མཛེས་པ་ཞིག་ཡོང་ངེས། 

    IMG_4927.JPG

    འགྲན་ཞུགས་པ་བསོད་ནམས་ཚེ་རིང་དང་ཁོང་གི་བརྩམས་ཆོས།

    IMG_4874.JPG

    བོད་ཀྱི་སྲོལ་རྒྱུན་བྱ་འཕུར་མཆེ་བ།

    IMG_4907.JPG

    གསར་དུ་བཟོས་པའི་བྱ་འཕུར་བཀྲ་ཤིས་རྟགས་བརྒྱད།

    IMG_4878.JPG

    གསར་དུ་བཟོས་པའི་བྱ་འཕུར་གཟི་མིག་ཅན།

    IMG_4903.JPG

    བྱ་འཕུར་བཟོ་བྱེད་ཀྱི་རྒྱུ་ཆ་སྤྱིན་དང་། ཤེལ་སྒོ།  བྲོ་ཞིབ། དབང་ལག སྐུད་པ་སོགས།

    IMG_4931.JPG

    བྱ་འཕུར་ཀ་མད་སུམ་ཅུ།

    བྱ་འཕུར་ཕུ་མེད་སྟོད་ཐུང་།

    IMG_4892.JPG

    བྱ་འཕུར་འཁོར་ལོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།