[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སྣོད་བཅུད།
  • ​ ལྗོངས་ཡོངས་སུ་ན་ནིང་རྩྭ་ཐང་གི་རྩྭ་སོས་པ་ཐོན་ཚད་ཏུན་ཁྲི་8876.7ཟིན་པ་དེ་2010ལོ་ལས་13.6%འཕར་བ།

    བོད་དུ་རྩྭ་ཕྱུགས་སྤྱིར་ན་དོ་མཉམ་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-06

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་ཐོན་ཁུངས་དང་སྣོད་བཅུད་ལྟ་ཞིབ་ཚད་ལེན་སྙན་ཞུ་ལས་མངོན་པ་ལྟར་ན། ལྗོངས་ཡོངས་སུ་ན་ནིང་རྩྭ་ཐང་གི་རྩྭ་སོས་པ་ཐོན་ཚད་ཏུན་ཁྲི་8876.7ཟིན་པ་དེ་2010ལོ་ལས་13.6%འཕར་བ་དང་། སྐྱས་སྤོས་རྩྭ་གསོའི་འདུ་འགོད་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས་བརྒྱ་ཆའི་ཚགས་10.1འཕར་ནས་སྔོ་ཁེབས་ཀྱི་མཐོ་ཚད་40.3%གོང་མཐོར་ཕྱིན་ཡོད། ཉེ་བའི་ལོ་ལྔའི་རིང་བོད་ཀྱི་རྩྭ་ཐང་སྔོ་ཁེབས་ལེགས་བཅོས་བྱེད་ཁྱོན་དེ་ཞན་འགྱུར་རྒྱ་ཁྱོན་ལས་ཆེ་བས་རྩྭ་ཐང་ཞན་འགྱུར་བཀག་འགོག་ནུས་ལྡན་ཐུབ་སྟེ་གཞི་རྩའི་ཆར་རྩྭ་ཕྱུགས་དོ་མཉམ་བྱུང་ཡོད་པ་རེད།

    བོད་ལྗོངས་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པ་དང་། རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར་13.2ཡོད་པ་དེ་རྒྱལ་ཡོངས་ནས་ཨང་དང་པོ་ཡིན་ཡང་བེད་སྤྱོད་ཆོག་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་8ལས་མེད། དུས་ཡུན་རིང་པོའི་ནང་བོད་ཀྱི་རྩྭ་ཕྱུགས་འགལ་བ་མངོན་གསལ་དོད་པ་དང་། རྩྭ་ཐང་ཞན་འགྱུར་ཚབས་ཆེ་བ། རྩྭ་ཐང་གི་ཐོན་སྐྱེད་ནུས་པ་ཉམས་ཞན་དུ་འགྲོ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད་པས་ཉེ་བའི་ལོ་ཤས་རིང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དེ《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ནང་བཅུག་པ་དང་བསྟུན་ཏེ་ས་གནས་ཀྱི་རྩྭ་ཐང་སྣོད་བཅུད་ཉིན་བཞིན་ལེགས་སུ་ཕྱིན་པ་དང་། འབྲོག་ལས་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་ལོ་རེ་བཞིན་ཆེ་རུ་སོང་བ། འབྲོག་པར་རྒྱུན་མཐུད་འབབ་འཕར་མངོན་གསལ་དོད་པོ་བྱུང་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ན་ནིང་ལོ་མཇུག་ཏུ་བོད་ལ་ལག་ཡོད་ཕྱུགས་གྲངས་བསྡོམས་འབོར་ཁྲི་1861ཟིན་པ་དེ་2010ལོ་ལས་19.8%ཉུང་དུ་སོང་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་གཞོན་པ་ཚུལ་ཁྲིམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐྱས་སྤོས་རྩྭ་གསོའི་འདུ་འགོད་དང་མི་ཐབས་ལ་བརྟེན་པའི་རྩྭ་ས་འཛུགས་སྐྲུན་བྱས་པ་དེས་སྔོ་ཁེབས་ཁྱབ་ཚད་གོང་མཐོར་འགྲོ་རྒྱུར་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་ཡོད། 2011ལོ་ནས་ད་བར་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.31བཏང་ནས་ཕྱུགས་བཀག་ར་སྐོར་མུའུ་ཁྲི་3410བསྐོར་བ་དང་རྩྭ་ས་གསབ་འདེབས་མུའུ་ཁྲི་929བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ་མི་ཐབས་རྩྭ་འདེབས་ཀྱི་ཉར་ཚགས་རྒྱ་ཁྱོན་མུའུ་ཁྲི་172ཟིན་པ་དེས་རྩྭ་ཕྱུགས་ཀྱི་འགལ་བ་ཞི་ལྷོད་དུ་གཏོང་རྒྱུའི་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད། གཞན་ཡང་བོད་དུ་ཉེ་བའི་ལོ་ལྔའི་རིང་རྩྭ་ཐང་གི“གནོད་འཚེ་གསུམ”བཅོས་སྒྲིག་དང་། འདམ་ར་སྲུང་སྐྱོང་གི་འདུ་འགོད་ལག་བསྟར། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སོགས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ནི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ལག་ལེན་བསྟར་བ་དེས་ཞིང་འབྲོག་པའི་རང་འགུལ་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། 2009ལོ་ནས་2010ལོ་བར་རྒྱལ་ཡོངས་སུ་བོད་ཀྱིས་སྔོན་དུ་ཚོད་ལྟ་བྱས་པ་དང་མིག་སྔར་རྩྭ་བཀག་རྒྱ་ཁྱོན་མུའུ་དུང་ཕྱུར་1.29ཟིན་ཡོད། ན་ནིང་ལོ་མཇུག་བར་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་དུ་ཁྱོན་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་80.39སྤྲད་པ་དང་། རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ཀྱིས་ལེ་ལག་ཚང་བའི་སྒོར་དུང་ཕྱུར་4དེ་ཆེད་མངགས་ཁ་གསབ་བྱ་དགར་སྤྱད་པ་དང་རང་བྱུང་རྩྭ་ཐང་གི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་རྣམ་པ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པ་ལྟར་ན། བོད་ཀྱི་རྩྭ་ཐང་ཁ་གསབ་མ་དངུལ་གྱིས་འབྲོག་ལས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་10.6%བཟུང་བ་དང་འབྲོག་ལས་རྐྱང་པའི་རྫོང་ཕལ་ཆེ་བའི་སྲིད་ཇུས་ཁ་གསབ་ཀྱིས་འབྲོག་དུད་ཡོང་འབབ་ཀྱི་60%ཡན་བཟུང་ནས་རྩྭ་ཐང་གི་སྔོ་འགྱུར་མང་དུ་དང་འབྲོག་པར་འབབ་འཕར་ཡོང་བའི་གཉིས་ཕན་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉