[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དམངས་འཚོ།
  • གངས་ལྗོངས་ས་མཐོར་བདེ་སྐྱིད་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-21

    བོད་ལྗོངས་སྨན་གླིང་རྫོང་ཚལ་ཁྲོབ་གྲོང་ཚོ་འདི་ཉིད་རི་བོ་ཧི་མ་ལ་ཡའི་ལྷོ་འདབས་དང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་གནས་ཏེ་ལོ་50ཙམ་ལ་སླེབས་པའི་ཡུལ་མི་ཟླ་བས་གསར་འགོད་པར“ལོ་30ཡི་གོང་ང་ཚོ་རི་སྟེང་དུ་སྡོད་པ་དང་རྐང་རྗེན་མར་འགྲོ་བ་མ་ཟད་འབྲུ་རིགས་ཀྱང་མི་འདང་བར་གཙོ་བོ་རྔོན་རྒྱག་པ་དང་རི་སྐྱེས་ཤིང་འབྲས་བཀོག་ནས་འཚོ་བ་སྐྱེལ་གྱི་ཡོད”1985ལོ་ནས་བཟུང་ས་གནས་སྲིད་གཞུང་གིས་རྫོང་གྲོང་ཉེ་འགྲམ་གྱི་ས་ཁོད་ཐོག་ཡུལ་མི་ཚོར་ཁང་པ་བརྒྱབ་ཁར་ལོ་དེ་དག་ནང་ཟ་ཁང་དང་མགྲོན་ཁང་བཙུགས་པ་དང་གསོ་ཚགས་དང་འཁེལ་འཐག་སོགས་ལས་རིགས་སྣ་མང་གཉེར་སྐྱོང་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེན་བཏང་བས་ཡུལ་མི་ཚོར་ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཡན་བྱུང་ཡོད་ཅེས་བརྗོད་བྱུང་།

    ཚལ་ཁྲོབ་གྲོང་ཚོའི་འཕོ་འགྱུར་ལས་བོད་ཀྱི་དམངས་འཚོ་ལེགས་བཅོས་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ཚོ་བདེ་སྐྱིད་འཚོ་བ་སྐྱེལ་བ་དང་ལ་རྒྱ་ལྡན་པ་བཅས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད། མི་རིགས་ཁག་གི་མང་ཚོགས་ཚོར་སྡོད་སའི་ཁང་པ་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། སྦྱོང་དུས་སློབ་མཁན་ཡོད་པ། དབུལ་དུས་རྒུད་སྐྱོབ་ཡོད་པ་བཅས་ཀྱི་བདེ་སྐྱིད་མེ་ཏོག་གངས་ལྗོངས་ས་མཐོའི་གང་སར་རབ་ཏུ་བཞད་ཡོད་པ་རེད།

    སྡོད་སའི་ཁང་པ་ཡོད་པ་སྟེ།

    ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར།

    བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོ་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་ཡུལ་མི་ཟླ་བ་ཚེ་རིང་གིས་སྒོ་རའི་ནང་གསར་དུ་བརྒྱབ་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་མཛུབ་མོ་བཙུགས་ནས་གསར་འགོད་པར་ཁང་པ་གསར་པར་ཁྱོན་འགྲོ་སོང་སྒོར་ཁྲི་10བཏང་བ་ཡིན། དེའི་ནང་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་1.5སྤྲད་པ་དང་དངུལ་ཁང་གིས་སྒོར་ཁྲི་3གྱི་ནོར་སྲིད་ཀྱི་སྐྱེད་གསབ་དངུལ་བུན་བཏང་བྱུང་། ལོ་གསུམ་གོང་ནང་མི་རྣམས་ཐོག་དཔང་དམའ་བའི་ཁང་མིག་གསུམ་གྱི་སོ་ཕག་ཁང་པའི་ནང་སྡོད་ཀྱི་ཡོད་ཅེས་བརྗོད་བྱུང་།

    ད་ཆ་བོད་བྱང་ཐང་ནས་ཡར་ཀླུང་ལུང་གཞུང་བར་དང་སྟོད་མངའ་རིས་ནས་ཉང་ཆུ་གཙང་འགྲམ་བར་གྱི་གང་སར་བོད་བཟོའི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་གསར་པ་མཐོང་རྒྱུ་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་བརྟན་གྱིས་2006ལོར་སྐྲུན་འགོ་ཚུགས་པའི“བདེ་སྡོད་ལས་གྲྭས”དུད་ཁྱིམ་དབུལ་པོ་ཚང་མར་སྒོར་ཁྲི་1.2ནས་2.5བར་གྱི་སྡོད་ཁང་བསྐྲུན་རྒྱུའི་ཁ་གསབ་མི་གཅིག་པ་སྤྲད་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་དུད་ཚང་ཁྲི་46དང་ཞིང་འབྲོག་པ་ཁྲི་230བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་གསར་ནང་སྡོད་རྒྱུ་བྱུང་བ་མ་ཟད“བདེ་སྡོད་ལས་གྲྭ”ཕུན་སུམ་ཚོགས་པོའི་ངང་ལས་མཇུག་འགྲིལ་བ་རེད།

    ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་ཡུལ་མི་ཚོ་ཁང་གསར་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཁང་པའི་རྒྱབ་མདུན་དུ་རྩི་ཤིང་སྣ་ཚོགས་བཏབ་ཡོད་པ་དང་ཆུ་ཀ་ལ་ཡང་ཁང་པའི་ནང་ཁྲིད་ཡོད། ལོ་དེ་དག་ནང་ཚོགས་རྒྱལ་གྲོང་ཚོར་ཐང་ཆེན་བསྐྲུན་པ་དང་ཨར་འདམ་ལམ་བཏིང་ཁར་ཉི་ནུས་གློག་སྒྲོན་བསྒར་བ་དང་གད་སྙིགས་དང་བཙོག་ཆུ་བསྡུ་རུབ་དང་གཙང་སེལ་ཡང་བྱས་པས་མི་སྡོད་ཁོར་ཡུག་གསར་རྐྱང་དུ་གྱུར་ཡོད།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། སྡོད་ཁང་བསྐྲུན་པ་དང་ཆབས་ཅིག་ལེ་ལག་ཚང་བའི“བརྒྱད་འཛོམས་ཞིང་དུད”ཀྱི་ལས་གྲྭས(ཆུ་དང་། གློག ལམ། འཕྲིན་གཏོང་། སྦྲག་ལས། རླུང་འཕྲིན་བརྙན་འཕྲིན། ཞིང་པའི་དཔེ་དེབ་ཁང་། ཁོར་ཡུག་མཛེས་པོ་བཅས་ཞིང་དུད་དུ་འཛོམས་པ)ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་རྣམ་པ་ལེགས་བཅོས་ནུས་ལྡན་བྱུང་བ་དང་། མི་ཁྲི་73གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ནས་ཞིང་འབྲོག་པའི་འཐུང་ཆུའི་བདེ་འཇགས་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆར་མངོན་འགྱུར་བྱུང་བ། སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་ཏེ་གློག་མེད་མི་འབོར་གྱི་གློག་སྤྱོད་གནད་དོན་རྩ་བའི་ཆར་ཐག་གཅོད་བྱུང་བ། ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་བསྡོམས་འབོར་སྤྱི་ལེ་ཁྲི་6.35ཟིན་ནས་99.7%གྱི་ཤང་དང་གྲོང་རྡལ་དང་99.14%ཡི་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    སྡོད་སའི་ཁོར་ཡུག་བཀོད་པ་ལེགས་པ་དང་མཛེས་སྡུག་ལྡན་པར་གྱུར་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་དང་འཚོ་བའི་གོམས་གཤིས་ལའང་དུས་གཅིག་ཏུ་འགྱུར་ལྡོག་བྱུང་ཡོད། ཁྱིམ་ཚང་མགྲོན་ཁང་བཙུགས་ནས་ཕྱུག་པོ་ཆགས་པའི་ཉིང་ཁྲི་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་ཚོས་ཁང་པའི་ནང་ཆུའི་མདོང་ལམ་ཁྲིད་དེ་ཆུ་བཤལ་བཤང་གཞོང་གིས་སྲོལ་རྒྱུན་གསང་སྤྱོད་ཀྱི་ཚབ་བྱས་པ་དང་གཟུགས་པོ་འཁྲུ་བ་དེའང་རྒྱས་སྤྲོས་ཀྱི་བྱ་བ་མིན་པར་གྱུར། མཚམས་གཅོད་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་གསར་དུ་བརྒྱབ་པའི་ཁང་མིག་8མཛེས་བཟོ་བྱས་ཟིན་མ་ཐག་ཡིན་པ་དང་ཁང་པ་ཚང་མའི་ནང་གསང་སྤྱོད་ལོགས་སུ་བརྒྱབ་ཡོད་ཁར་ཆུ་ཚོད་24རིང་ཆུ་ཚ་པོ་མཁོ་འདོན་བྱེད་པ་མ་ཟད། ད་དུང་འཁྲུ་འཁྲུ་བཤལ་བཤལ་བྱེད་པའི་སྤྱོད་ཆས་དང་། བརྙན་འཕྲིན། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་སོགས་ཀྱང་ཡོད་པ་རེད།

    ན་དུས་སྨན་བཅོས་ཐུབ་པ་སྟེ།

    གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ།

    རང་སྐྱོང་ལྗོངས་དབུ་མ་བརྙེས་གོང་ཞིང་འབྲོག་མང་ཚོགས་རྣམས་ནད་ལྟ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒན་རྒོན་ཡེ་ཤེས་བློ་གྲོས་ཀྱི་དྲན་གསལ་ལ“བོད་རྙིང་པར་སྨན་དང་སྨན་པ་དཀོན་པར་བརྟེན་མི་དཀྱུས་མར་ནད་གཞི་ཕོག་ཚེ་ལས་ལ་གང་བསྐོས་མ་གཏོགས་མེད”ཅེས་བཤད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50སོང་རིང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། རྗེས་ལུས་ནས་དེང་རབས་བར་གཞི་རྩའི་འགྱུར་ལྡོག་བྱུང་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་ལྟེ་བར་བྱས་ནས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆར་གྲུབ་སྟེ། རྫོང་ཚང་མར་ནད་ཡམས་ཚོད་འཛིན་ལྟེ་གནས་ཁྱབ་པ་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་བཅས་ཀྱི་དམིགས་ཚད་རྩ་བའི་ཆར་མངོན་འགྱུར་བྱུང་ཡོད་པ་རེད།

    བོད་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོར་ཁྱབ་བསྒྲགས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དོ་དམ་བྱ་ཐབས》ནང་། སྨན་བཅོས་ཐད་ཀྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་ལོར་མི་རེར་ཆ་སྙོམས་སྒོར་420ལ་གཏན་འཁེལ་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྫོང་དང་ཤང་དུ་ཁྱབ་ཚད་100%ཟིན་པ་དང་། གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩ་ནས་གཏོང་སྤྲོད་བྱེད་ཚད་མང་ཤོས་སྒོར་ཁྲི་6ཟིན་ཡོད། དེ་དང་ཕྱོགས་མཚུངས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ལ་ནད་གཞི་ཕོག་སྐབས། སྨན་བཅོས་རོགས་སྐྱོབ་བྱེད་ཚད་མང་ཤོས་སྒོར་ཁྲི་6ཟིན་གྱི་ཡོད་པ་རེད།

    སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་གོང་མཐོར་གཏོང་ཆེད། རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ(གྲོང་ཁྱེར)རིམ་པའི་སྨན་ཁང་གིས། ཚོན་ཁྲ་ཅན་གྱི་སྒྲ་རླབས་འཕྲུལ་ཆས་སོགས་སྨན་བཅོས་སྒྲིག་ཆས་ཆེ་རིགས་རིམ་པས་ནང་འདྲེན་བྱས་པ་དང་། རྫོང་དང་ཤང(གྲོང་རྡལ)དུ་Xའོད་ཀྱི་གློག་པར་འཕྲུལ་ཆས་དང་། ཕྲ་མཐོང་ཆེ་ཤེལ། སྙིང་པར་འཕྲུལ་ཆས་སོགས་གཞི་རྩའི་སྨན་བཅོས་སྒྲིག་ཆས་གཅིག་གྱུར་ཐོག་སྤྲད་པ། གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྟབས་བདེ་ལ་སྤྱོད་བདེའི་སྨན་བཅོས་སྒྲིག་ཆས་ཁག་15སྤྲད་ཡོད་པ་རེད།

    ནད་གཞི་བལྟ་བར་གདམ་ག་བྱ་ཡུལ་མང་པོ་ཡོད། མིག་སྔར་ལྗོངས་ཡོངས་སུ་ཀྲུང་ལུགས་དང་། ཕྱི་ལུགས། བོད་ཀྱི་གསོ་བ་རིག་པ་བཅས་ཟུང་དུ་འབྲེལ་བའི་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་ཅིག་གྲུབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་ནད་གཞིར་གཞིགས་ཏེ་བཅོས་ཐབས་མི་འདྲ་བ་གདམ་ག་བྱེད་ཆོག་གི་ཡོད། ལྷོ་ཁ་ས་ཁུལ་ཟངས་རི་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་ཉི་མས་ཟངས་རི་རྫོང་ལ་བོད་སྨན་སྣ་ཁ་360ཡན་ཟིན་པ་དང་། ལོར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་5500ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་སུ་ད་ཆ་གཞུང་བཙུགས་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་30དང་། རིམ་གསུམ་སྨན་རྩིས་ཁང་4ཡོད་པ་དང་། རྫོང་རིམ་པའི་སྨན་ཁང་40ལྷག་ཙམ་དུ་བོད་གསོ་བ་རིག་པའི་སྡེ་ཁག་བཙུགས་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་སྨན་རྩིས་ཁང་གིས་སྨན་བཅོས་བྱས་པའི་མི་ཐེངས་ཀྱིས་ལྗོངས་ཡོངས་ཀྱི་སྨན་བཅོས་བསྡོམས་འབོར་མི་ཐེངས་ཀྱི་བཅུ་ཆ་གསུམ་ལྷག་ཙམ་བཟུང་ཡོད་པ་རེད།

    ད་ཆ་བོད་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་པའི་སྨན་ཡོན་100%རྩིས་ཞུ་བྱེད་པ་མ་ཟད། ད་དུང་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད། བོད་ཀྱི་མི་འབོར་དེ་ཞི་བས་བཅིངས་འགྲོལ་གཏོང་སྐབས་ཀྱི་མི་གྲངས་ཁྲི་114ནས་མི་གྲངས་ཁྲི་317བར་མང་དུ་སོང་བ་དང་། མི་རེའི་ཆ་སྙོམས་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་68.2བར་མཐོ་རུ་སོང་ཡོད་པ་རེད།

    སྦྱོང་དུས་སློབ་མཁན་ཡོད་པ་སྟེ།

    ཕྲུ་གུ་ཚོར་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ཡོད་པ།

    བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་འཛུགས་སྐྲུན་ཡག་ཤོས་ནི་སློབ་གྲྭའི་ཁང་པ་དང་། ས་ཆ་མཛེས་ཤོས་ནི་སློབ་གྲྭ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བོད་དུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་1696དང་། སློབ་ཁྲིད་ས་ཚིགས་388ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་60.85ཡོད་པ་རེད། ན་ནིང་ལོ་མཇུག་བར་བོད་ཀྱི་སློབ་ལོ་ལོན་པའི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་99.64%ཟིན་པ་དང་། དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུ་ཞུགས་ཚད་98.91%དང་73.37%སོ་སོར་ཟིན་ཡོད། བསྡུར་བ་མངོན་གསལ་དོད་ཤོས་ཤིག་ནི་བོད་རྙིང་པའི་སློབ་གྲྭར་གྲྭ་བཙུན་དང་། སྐུ་དྲག དཔོན་རིགས་ཀྱི་བུ་ཕྲུག་བཅས་སློབ་མ་བསྡུ་ཡུལ་ཡིན་པ་དང་མི་འབོར་བསྡོམས་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་གི་བྲུ་ཕྲུག་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་རྩ་བ་ནས་མེད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལྗོངས་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད་པ་རེད། ལམ་ཐག་རིང་བ་དང་སྡོད་གནས་ཁ་ཐོར་སོགས་ཀྱི་རྐྱེན་པས། ཞིང་འབྲོག་པའི་བུ་ཕྲུག་མང་པོ་སློབ་གྲྭར་འགྲོ་ཐུབ་ཀྱི་མེད། 1985ལོར་བོད་དུ“ལྟོ་ཆས་དང་། སྡོད་ས། སློབ་ཡོན་བཅས་འགན་ལེན”གྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་འགོ་བཙུགས་ཏེ། ད་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་80.74བཏང་ཡོད་པ་རེད། འགན་ལེན་བྱ་ཡུལ་དེ་སློབ་གྲྭ་འབྲིང་ཆུང་གི་ཞིང་འབྲོག་པའི་འགྲོ་སྦྱོང་སློབ་གྲྭ་བ་ནས་ཞིང་འབྲོག་པའི་བུ་ཕྲུག་ཚང་མ་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་གྲྭར་ཡོད་མུས་ཀྱི་བུ་ཕྲུག་བར་རིམ་པས་རྒྱ་ཆེར་བཏང་ཡོད། 2014ལོ་ཁོ་ནར་སློབ་མ་ཁྲི་52.5ལ་ཕན་པ་ཐོབ་པ་དང་། ཁྱབ་ཁྱོན་100%ཟིན་ཏེ“འགྲོ་སའི་སློབ་གྲྭ་ཡོད་པ་དང་། སློབ་གྲྭར་བསྐྱོད་ཐུབ་པ། སེམས་གནས་ཐུབ་པ”བཅས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད། 2011ལོ་ནས་བཟུང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་སུའང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་ཡོད།

    གསར་འགོད་པ་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་སློབ་འབྲིང་དུ་སླེབས་སྐབས། དགུང་ཟས་དང་ཏག་ཏག་འཁེལ་འདུག སློབ་མའི་ཟས་སྡེར་ནང་ཀྲོ་མ་ཀྲུ་སྒོང་བརྔོས་དང་གང་བུ་ཤ་བརྔོས་སོགས་ཀྱི་ཚལ་བླུགས་ཡོད་པ་མ་ཟད། ད་དུང་ལྟོ་ཆས་ཀྱི་རྗེས་སུ་འོ་མ་དང་ཤིང་འབྲས་ཟ་རྒྱུ་ཡོད་པ་མཐོང་བྱུང་། 2012ལོའི་དཔྱིད་དུས་སུ་ལག་ལེན་བསྟར་འགོ་ཚུགས་པའི་བོད་ཀྱི་ལྗོངས་ཡོངས་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལས། སློབ་མ་གྲངས་ཁྲི་38.28ལ་ཕན་པ་ཐོབ་ཡོད། 《2010ལོའི་ཀྲུང་གོའི་སློབ་མའི་གཟུགས་པོ་དང་བདེ་ཐང་གི་ཞིབ་འཇུག་སྙན་ཞུའི》ནང་མངོན་པ་ལྟར་ན། ཉེ་བའི་ལོའི་ནང་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་པའི་སློབ་མའི་འཚོ་བཅུད་རྒྱུན་མཐུད་ལེགས་བཅོས་བྱུང་ནས་གཟུགས་པོའི་བྱང་ཚད་ཡོངས་ཁྱབ་ངང་ཡག་པོ་ཡོད་པ་རེད།

    ལོ་ལྟར་གྱི་སློབ་འགོ་ཚུགས་པའི་སྔ་ནུབ་ཏུ་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་ཁང་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཁེངས་ཡོད་པ་དང་། ཁོང་ཚོ་བསྐྱོད་ཡུལ་གྱི་ནང་སའི་སློབ་གྲྭར“བོད་ལྗོངས་འཛིན་གྲྭ”ཞེས་པའི་ཐུན་མོང་གི་མིང་ཞིག་མཆིས། བསྡོམས་རྩིས་བྱས་པར་གཞིགས་ན། ནང་སར་ད་ཆ་ཞིང་ཆེན་དང་གྲོང་ཁྱེར་21གི་དམའ་རིམ་སློབ་འབྲིང་18དང་། མཐོ་རིམ་སློབ་འབྲིང་14 ཆ་ཚང་སློབ་འབྲིང་5བཅས་སུ་བོད་ལྗོངས་འཛིན་གྲྭ་བཙུགས་ཡོད། 1985ལོ་ནས་ད་ལྟའི་བར་ནང་སའི་བོད་ལྗོངས་འཛིན་གྲྭར་རིམ་རྩིས་བྱས་ན། སློབ་མ་ཁྲི་10.77བསྡུས་པ་དང་། འབྲིང་རིམ་ཆེད་ལས་ཡན་གྱི་ཤེས་ལྡན་པ་ཁྲི་3ལྷག་གསོ་སྐྱོང་བྱས་ཡོད། ད་ཆ་ནང་སའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱང་ཉེ་འཁོར་དུ་ཁྱབ་ཡོད། ན་ནིང་ཟླ་9པར་ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སློབ་གསོ་གྲོང་གི་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ཅང་སུའུ་དཔེ་སྟོན་སློབ་གྲྭས། པེ་ཅིང་དང་ཅང་སུའུ་ཡི་བོད་སྐྱོར་དགེ་རྒན་བརྒྱ་ཕྲག་གདན་དྲངས་ཏེ། རང་རེའི་སློབ་གྲྭའི་ཕུལ་བྱུང་དགེ་རྒན་དང་ཟུང་འབྲེལ་གྱིས་སྔོན་ཐོན་སློབ་གཉེར་བྱེད་སྟངས་དང་སློབ་གསོའི་རྣམ་པར་བརྟེན་ནས། ལྷ་སའི་སྤྱིའི་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    2000ལོ་ནས་2014ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་ལོའི་སློབ་གསོའི་མ་འཇོག་སྒོར་དུང་ཕྱུར་7.23ནས་སྒོར་དུང་ཕྱུར་135བར་འཕར་ནས། སྤྱིའི་མ་འཇོག་སྒོར་དུང་ཕྱུར་753ལས་བརྒལ་ཡོད་པ་རེད། བོད་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གསོ་དེ་སྐྱོན་བྲལ་དང་། མགྱོགས་མྱུར། ཚན་རིག་དང་མཐུན་པའི་ངང་གོང་འཕེལ་བྱུང་བ་དང་། ཅུང་འཐུས་ཚང་གི་དེང་རབས་སློབ་གསོའི་མ་ལག་ཅིག་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དང་ལེན་གྱི་ཁེ་དབང་གང་ལེགས་ཐོབ་པ་བྱས་ཏེ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཤེས་ལྡན་པའི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱས་ཡོད། མིག་སྔར་བོད་ཀྱི་ཤེས་ལྡན་པའི་ཐོན་ཁུངས་སྤྱི་འབོར་མི་ཁྲི་30ཙམ་ཟིན་པ་དང་། ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་10%བཟུང་ཡོད་པ་རེད།

    དབུལ་དུས་རྒུད་སྐྱོབ་ཡོད་པ་སྟེ།

    སྤྱི་ཚོགས་འགན་སྲུང་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ།

    ལོ་50ཡི་རིང་བོད་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་དེ་མེད་པ་ནས་ཡོད་པ་དང་། རིམ་བཞིན་བཟོ་བ་ནས་འཐུས་ཚང་དུ་གྱུར་པའི་གོ་རིམ་བརྒྱུད་མྱོང་། མིག་སྔར་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་བཅས་ནང་དོན་གཙོ་བོར་བྱེད་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་ཡོད། ན་ནིང་བར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་མི་ཐེངས་ཁྲི་260.6ཟིན་པ་རེད།

    རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གནས་སྐབས་ལག་བསྟར་བྱེད་ཐབས》བཏོན་པ་དང་། དགོན་སྡེའི་གྲྭ་བཙུན་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་སུ་བཅུག་སྟེ། གྲྭ་བཙུན་གྱི་རྒན་གསོ་དང་ནད་ལྟ་དཀའ་བའི་གནད་དོན་བསལ་ཡོད། “སྔོན་ཆད་གྲྭ་པ་རྣམས་གཙོ་བོ་དགོན་པའི་ཡོང་འབབ་དང་དད་ལྡན་མང་ཚོགས་ཀྱི་འབུལ་བར་བརྟེན་ནས་རྒན་གསོ་བྱེད་ཀྱི་ཡོད”ལྷ་ས་གྲོང་ཁྱེར་སེ་ར་དགོན་པའི་གྲྭ་པ་བྱང་ཆུབ་ཀྱིས་ད་ཆ་རྒན་གསོའི་དངུལ་ཡོད་པས། སེམས་ཁྲལ་གང་ཡང་མེད་ཅེས་བཤད་བྱུང་།

    ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་འགན་ལེན་ལྔའི་བགྲེས་སོང་ལ་ལ་ཤོ་རྒྱག་པ་དང་སྒོར་གཞས་རྒྱག་གི་ཡོད་ལ། ཁ་ཤས་ཀྱིས་མ་ཎི་ལག་སྐོར་སྐོར་བ་དང་ཁ་འདོན་བྱེད་བཞིན་སྐྱིད་སྣང་གིས་ཁེངས་འདུག ན་ནིང་ལོ་འགོར་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ནས་བོད་ལྗོངས་སུ་ཁྱོན་ཡོངས་ནས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གཅེས་སེམས་འདུ་འགོད་སྤེལ་འགོ་བརྩམས་ཏེ། 2016ལོར་སླེབས་སྐབས་འགན་ལེན་ལྔ་བྱ་ཡུལ་རྫོང་ཡན་གྱི་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་རྒྱུ་དང་། ད་ལོའི་ལོ་མཇུག་ཏུ་ས་ཁུལ་དང་གྲོང་ཁྱེར་ཡན་དུ་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100ཟིན་རེ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་དུད་ཚང་72%ལ་གཅིག་སྡུད་བསྙེན་བཀུར་གྱི་རེ་འདོད་ཡོད་པ་དང་། དྭ་ཕྲུག་5900ཚང་མར་རོགས་སྐྱོབ་ནུས་ལྡན་ཐོབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱི་གྲོང་མི་ཆུང་བདག་ནི་སྔོན་ཆད་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁོངས་མི་ཡིན་པ་དང་། དུས་ཡུན་རིང་པོར་མ་མཐའི་འཚོ་བ་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། 2011ལོར་ལྷ་ས་གྲོང་ཁྱེར་ངལ་རྩོལ་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་ཁོ་མོར་ཆེད་དུ་ལས་ཞུགས་རོགས་སྐྱོར་འཆར་གཞི་བཟོས་པ་དང་། ཁོ་མོ་སྡེ་ཁུལ་གྱི་འཕྲོད་བསྟེན་ལྟ་སྐུལ་བར་གྱུར་པ་དང་། ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ཡོད། “ཏང་གི་སྲིད་ཇུས་ཡག་པོར་ཐུགས་རྗེ་ཆེ་ཞུ། ང་ལ་ལྟ་སྐྱོང་དང་ཕན་ཐོགས་མང་པོ་བྱུང”ཞེས་ཆུང་བདག་གིས་བཀའ་དྲིན་ཚོར་བཞིན་བཤད། 2014ལོའི་ལོ་མཇུག་བར་བོད་ཀྱིས་རིམ་རྩིས་བྱས་ན། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་3ཉོས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་བརྟེན་ནས་མི་ཁྲི་2.45ལས་ཞུགས་བཀོད་སྒྲིག་བྱས་ཤིང་། “ལས་ཞུགས་མེད་པའི”ཁྱིམ་ཚང་2400ལ་ལས་ཞུགས་ཐག་གཅོད་བྱས་ནས་ལས་ཞུགས་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

    རང་བྱུང་གནོད་འཚེ་ཐོན་མང་བའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཡིན་པའི་བོད་ལྗོངས་སུ་གོ་ཆོད་པའི་གེགས་འགོག་གེགས་སེལ་གྱི་མ་ལག་ཆ་ཚང་ཞིག་བསྐྲུན་ཞིང་། ད་ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པའི་རྐྱེན་གྱིས་བོད་ཀྱི་མི་ཁྲི་30ལྷག་ལ་གནོད་འཚེ་ཕོག་ཡོད། གེགས་བར་བྱུང་རྗེས་རང་སྐྱོང་ལྗོངས་ཀྱིས་དེ་མ་ཉིད་དུ་ཁོངས་མི་ཡོངས་མཉམ་ཞུགས་ཀྱི་གེགས་སེལ་བྱ་སྤྱོད་སྤེལ་བ་དང་། ཚེ་སྲོག་གི་ལམ་བུ་ཤར་གཏོང་དང་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་བྱས་པས། ཟླ་ཕྱེད་ཙམ་གྱི་རིང་གེགས་རྗེས་བསྐྱར་སྐྲུན་བྱེད་འགོ་བརྩམས་ཡོད། “བོད་རྙིང་པར་ས་ཡོམ་བརྒྱབ་རྗེས་ཤི་རྨས་ལ་ཁ་ཡ་རྩ་བ་ནས་བྱེད་མཁན་མེད། གལ་སྲིད་རྨས་མེད་ཀྱང་གྲང་འཁྱག་དང་བཀྲེས་ལྟོགས་ཀྱིས་འཆི་སྲིད”ཅེས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ལོ་ན་70ལ་སོན་པའི་ཨ་མ་བསོད་ནམས་ཀྱིས་བཤད་ཅིང་། ཁོང་གིས་བཀོད་སྒྲིག་གུར་ནང་དུ་འབུད་ཤིང་དང་། འབྲས། སྣུམ། ཚྭ་བཅས་གང་དགོས་ཡོད་པས། སླད་ཕྱིན་གྱི་འཚོ་བའི་ཐད་སེམས་ཁྲལ་གང་ཡང་མི་འདུག་ཅེས་བཤད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།