[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>ཡུལ་སྐོར།
  • བོད་ཀྱིས་འཛམ་གླིང་གི་སྤུས་དག་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུའི་བརྩོན་ལེན་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-22

    ཉེ་ཆར། ཁྱིམ་ལྷ་ས་ནས་ཡིན་པའི་ཡུལ་སྐོར་སྣེ་ཤན་པ་ཟླ་བ་སྒྲོལ་མས་ཡུལ་སྐོར་ཚོགས་པར་གཅིག་རྗེས་གཉིས་མཐུད་ངང་སྣེ་ལེན་ཞུས་ནས་བྲེལ་འཚུབ་ཀྱིས་ཁེངས། ཉིང་ཁྲིའི་ལམ་ཐིག་གི་ཡུལ་སྐོར་སྣེ་ཤན་པ་ཡིན་པའི་ཁོང་གིས་ཉིན་གསུམ་ནང་འགྲོ་འོང་ཐེངས་རེ་བྱེད་ཀྱི་ཡོད་པ་རེད། “ཡུལ་སྐོར་བ་མང་བའི་དུས་སུ་ཉིན་ལྟར་གཉིད་ཆུ་ཚོད་ལྔ་ལས་ཉལ་ལོང་མི་འདུག”ཅེས་ཁོང་གིས་བཤད། མིག་སྔར་བོད་དུ་ཡུལ་སྐོར་བ་མང་བའི་དུས་སུ་སླེབས་པ་དང་ཉིན་ལྟར་བོད་དུ་ཡོང་མཁན་ཡུལ་སྐོར་བ་ཁྲི་གཅིག་ལྷག་ཙམ་ཟིན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་529.9ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་དང་བསྡུར་ན་26.7%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་53ཟིན་པ་དེ་དུས་མཚུངས་དང་བསྡུར་ན་30%འཕར་ཡོད་པ་རེད།  

    གཞི་གྲངས་ལས་མངོན་པར་གཞིགས་ན། 2014ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་204ཟིན་པ་དེ་2014ལོའི་ལྗོངས་ཡོངས་ཀྱི་GDPཡི་22.1%དང་མཚུངས། 1980ལོ་ནས་2014ལོའི་བར་བོད་ཀྱི་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་909.3ཟིན་པ་དང་། ཡུལ་སྐོར་ཡོང་འབབ་ཀྱི་འཕར་ཚད་དེ་ལྗོངས་ཡོངས་ཀྱི་GDPཡི་འཕར་ཚད་ལས་བརྒྱ་ཆའི་གྲངས་28.1མཐོ་བ་ཡོད་པ་རེད།

    2010ལོར་སྐོང་ཚོགས་བྱས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དུ་སྐྲུན་དགོས་ཞེས་བཏོན་པ་རེད། དེ་རྗེས་བོད་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་བཏོན་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་བཏང་བ་དང་། མ་འཇོག་བྱས་པ་བརྒྱུད་ཞིང་འབྲོག་པས་ཁྱིམ་ཚང་འགྲུལ་ཁང་སོགས་གཉེར་བར་རོགས་སྐྱོར་བྱས་ཏེ་ཡུལ་སྐོར་ལས་རིགས་ལ་མ་འཇོག་སྔར་བས་མང་བ་བྱེད་པ་དང་རྣམ་གྲངས་སྔར་བས་མང་བ་ལག་ལེན་བསྟར་ཡོད་པ་རེད། “བོད་ཀྱི་ཡུལ་སྐོར་བའི་ཡོང་ཁུངས་ཁྲོམ་ར་ནི་ཐོག་མའི་ཕྱི་རྒྱལ་གྱི་མགྲོན་པོར་ཁེར་རྐྱང་དུ་སྣེ་ལེན་ཞུས་པ་ནས་ད་ཆ་རྒྱལ་མཚམས་ནང་ཡོང་བ་དང་། ཕྱི་ཕྱོགས་སུ་སྐྱོད་པ། རྒྱལ་ནང་བཅས་ཀྱི་ཁྲོམ་ར་ཆེ་གྲས་གསུམ་གཞི་གཅིག་ཅན་དུ་འགྱུར་བའི་ཡུལ་སྐོར་བའི་ཡོང་ཁུངས་ཀྱི་མ་ལག་ཅིག་བར་འཕེལ་རྒྱས་ཕྱིན་པ་དང་། ཡུལ་སྐོར་ཐོན་ལས་ནི་ཐོག་མའི་སྣེ་ལེན་ཞུ་བའི་བྱ་གཞག་རྣམ་པ་ནས་སྤྱིར་བཏང་གི་དཔལ་འབྱོར་ཐོན་ལས་རྣམ་པའི་བར་དང་། སླར་ཡང་རྐང་འཛིན་ཐོན་ལས་རྣམ་པའི་བར་མཆོང་སྐྱོད་བྱུང་ཡོད”ཅེས་བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་སུང་ཕིང་གིས་བཤད།

    ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་འགྱུར་ཡོང་བ་བྱེད། “ཡུལ་སྐོར་གྱི་ལམ་བུའི་ཐོག་སྐྱོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་ལྟོ་གོས་འཚོལ་བ། ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་པ”བཅས་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོངས་ཁྱབ་ཀྱི་འདུ་ཤེས་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་རིམ་བཞིན་གྱུར་ཞིང་། ན་ནིང་གི་ལོ་མཇུག་བར་བོད་དུ་སྐར་མ་རིམ་པའི་ཁྱིམ་ཚང་འགྲུལ་ཁང་857ཡོད་པ་དང་། ཡུལ་སྐོར་གྱི་སྣེ་ལེན་དང་ཞབས་ཞུའི་ནང་ཞུགས་མཁན་ཞིང་འབྲོག་པ་མི་ཁྲི་8.2ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་41.4%འཕར་བ་དང་། ཡུལ་སྐོར་གྱི་སྣེ་ལེན་དང་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་6.64ཟིན་ནས་62%འཕར་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་8076ཟིན་ཡོད་པ་རེད། དུས་མཚུངས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་སའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་ཆ་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད་ཉེ་འགྲམ་གྱི་ཞིང་འབྲོག་པའི་འཚོ་བའི་ཁོར་ཡུག་དང་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་བོད་ཀྱིས་ལྷ་ས་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་འཛམ་གླིང་སྣོད་བཅུད་ཡུལ་སྐོར་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དེ་རྨང་གཞིར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དང་། གནའ་བོའི་རིག་གནས་བར་ཁྱམས། ཨེ་ཤེ་ཡ་ལྷོ་མའི་ཡུལ་སྐོར་ཁུལ། སྤུས་དག་ཡུལ་སྐོར་ལམ་ཐིག་བཅས་གཏོད་རྒྱུ་དེ་འདེགས་སྐྱོར་དུ་བྱས་ནས་2020ལོར་སླེབས་སྐབས་སྣོད་བཅུད་བཟང་བ་དང་། རིག་གནས་ཐུན་མོང་མ་ཡིན་པ། མཉེན་ཆས་དང་མཁྲེགས་ཆས་ཀྱི་ཞབས་ཞུ་རྩེ་གྲས་སུ་སླེབས་པ་བཅས་ཀྱི་འཛམ་གླིང་གི་སྤུས་དག་ཡུལ་སྐོར་དམིགས་ས་བསྐྲུན་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཁོར་ཡུག་བཟང་བ་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མཛེས་ཤིང་ལྟ་ན་སྡུག་པའི་བོད་ལྗོངས་ཤིག་མཐོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    ན་ནིང་གི་ལོ་མཇུག་བར་བོད་དུ་Aརིམ་པའི་མཛེས་ལྗོངས་ཁུལ་90ཡོད་པ་དེའི་ནང་A5རིམ་པའི་མཛེས་ལྗོངས་ཁུལ་2དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་6 རྒྱལ་ཁབ་ས་གཤིས་སྤྱི་གླིང་2 ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་1ཡིན་པའི་ལྷ་ས་གྲོང་ཁྱེར། ཡུལ་སྐོར་བས་ཡུལ་སྐོར་དང་ལྟ་སྐོར་བྱེད་སའི་མཛེས་ལྗོངས་ས་ཚིགས་ཁག་297བཅས་ཡོད་པ་དང་། ལྗོངས་ཡོངས་སུ་ཡུལ་སྐོར་ལས་ཞུགས་མི་སྣ་ཁྲི་30ཟིན་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།