[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>ཡུལ་སྐོར།
  • གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་གྱིས་ཁྲེང་ཏུར་འོས་སྦྱོར་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-13

    201230_yis_1439355831425.jpg

    འདི་ནི་འོས་སྦྱོར་ངོ་སྤྲོད་ནང་ཞུགས་མཁན་སི་ཁྲོན་གྱི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་། སྨྱན་སྦྱོར་འཐུས་མི། ཁྲེང་ཏུའི་གྲོང་མི་བཅས་ཀྱིས་ས་མཐོའི་ཟས་མཆོག་གི་བྲོ་བ་མྱོང་བའི་གནས་ཚུལ་ཡིན་པ།

    ཟླ་8ཚེས་11ཉིན་བོད་ཀྱི་ལྗོངས་ཕྱི་རུ་དུས་ཆེན་དང་རྟེན་འབྲེལ་གྱི་འོས་སྦྱོར་ངོ་སྤྲོད་ཐོག་མ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་སྐབས་བཅུ་གསུམ་པས་ཁྲེང་ཏུར་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་སྤྲོ་འཆམ་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་མགྱོགས་སུ་དང་། གཞིས་རྩེའི་འཛམ་གླིང་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་གཞིས་རྩེའི“4·25”གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་ཟུང་འབྲེལ་བཅས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་ཟླ་9པའི་ཟླ་འགོར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་སྐབས་བཅུ་གསུམ་པ་གཉེར་རྒྱུའི་གཏན་འབེབས་བྱས་ཤིང་། ད་ཐེངས་གཉེར་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་སྐབས་བཅུ་གསུམ་པས“བཀྲ་ཤིས་པའི་གཞིས་རྩེར་ཟོལ་མེད་བརྩེ་སེམས་ནམ་ཡང་འཆང”ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པ་དང་། “གཞིས་རྩེ་དྲིལ་བསྒྲགས་དང་། གཞིས་རྩེ་ངོམས་པ། གཞིས་རྩེ་གཏོད་པ། གཞིས་རྩེ་འཕེལ་རྒྱས”བཅས་ཀྱིས་འགོ་འཛུགས་ས་དང་། དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་སྟེགས་བུར་བྱས་ནས་གཙང་གི་རིག་གནས་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་བའི་རིན་ཐང་སྔོག་འདོན་གཏིང་ཟབ་དང་གཞིས་རྩེའི་འཕེལ་རྒྱས་བརྟན་ལྷིང་གི་གྲུབ་འབྲས་དང་ལོ་རྒྱུས་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག་དུས་ཆེན་དང་རྟེན་འབྲེལ་ལ་བརྟེན་ནས་ཡུལ་སྐོར་སྤྲོ་འཆམ་ལ་སྐུལ་འདེད་དང་། རིག་གནས་ལ་བརྟེན་ནས་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་རེད།

    སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་ལ་རྣམ་གྲངས་གཙོ་བོ་9དང་ཕལ་པ་11ཇུས་འགོད་བྱས་ཤིང་། རྣམ་གྲངས་གཙོ་བོ་9ཡི་ནང་གཟབ་ཅིང་རྒྱས་པའི་འགོ་ཚུགས་མཛད་སྒོ་དང“བཀྲ་ཤིས་པའི་གཞིས་རྩེར་ཟོལ་མེད་བརྩེ་སེམས་ནམ་ཡང་འཆང”ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་རིག་རྩལ་འཁྲབ་སྟོན་དང་། རྫོང་དང་ཆུས་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན(འགྲན་བསྡུར)རང་སྐྱོང་ལྗོངས“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པའི་འཚམས་འདྲིའི་འཁྲབ་སྟོན། “ཇོ་མོ་གླང་མའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བུ་མོའི་བུམ་པའི”ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དཔྱད་འདེམས་འགྲན་བསྡུར་སྐབས་གསུམ་པ། “རང་བྱུང་ཁམས་ཀྱི་སྐད་སྒྲའི་གཏམ་རྒྱུད་ངོ་མཚར་ཅན་དང་ཇོ་མོ་གླང་མའི་སྐད་སྒྲ”ཞེས་པའི་གཞིས་རྩེའི་ཡུལ་སྐོར་སྤྲོ་འཚམ་དྲིལ་བསྒྲགས་གླུ་གཞས་འདུ་ཚོགས། གྲུབ་འབྲས་རིམ་སྤེལ་འགྲེམས་སྟོན། གཞིས་རྩེའི་རིག་གནས་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་དང་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་སྤྲོ་འཆམ་དུས་ཆེན་མཇུག་འགྲིལ་མཛད་སྒོ་བཅས་ཚུད་ཡོད།

    རྣམ་གྲངས་ཕལ་པ་11ནང“བརྩེ་དུང་རི་ལྟར་བརྟན་ཞིང་མཚོ་ལྟར་ཟབ་པའི་དམ་བཅའ་འཇོག་པའི་ཇོ་མོ་གླང་མའི་གཉེན་སྒྲིག་མཛད་སྒོའི”བྱེད་སྒོ་ཐོག་མ་དང་། ཇོ་མོ་གླང་མའི་རྡོ་ཁྱད་མཚར་འགྲེམས་སྟོན་སྐབས་གསུམ་པ། རྫོང་དང་ཆུས་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན། ལྷ་མོ་འཁྲབ་སྟོན། མང་ཚོགས་རང་བཞིན་གྱི་ཐང་ཆེན་ཞབས་བྲོ་ཆེ་གྲས། རྫོང་དང་ཆུས་14ཡི་ཕུལ་བྱུང་ལེ་ཚན་སྡེབ་སྒྲིག“ཡོམ་འགོག་གེགས་སེལ”བཀོད་སྒྲིག་བྱ་ཡུལ་དུ་འཚམས་འདྲིའི་འཁྲབ་སྟོན། གཞིས་རྩེའི་ཡུལ་སྐོར་སྤྲོ་འཆམ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་འགོ་ཚུགས་མཛད་སྒོ། གཞིས་རྩེའི་གཙང་པའི་ཡུལ་སྐོར་སྤྲོ་འཆམ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྒོ་བྱང་འགེལ་བའི་མཛད་སྒོ། རྒྱལ་ཡོངས་ཀྱི“ཇོ་མོ་གླང་མའི་ཡུལ་སྐོར་སྤྲོ་འཆམ”པར་ལེན་འགྲན་བསྡུར་ཆེ་མོ་སྐབས་བཞི་པ། གཙང་གི་དམངས་སྲོལ་ཡུལ་སྐོར་སྤྲོ་འཆམ་ཉམས་ལེན་ཁང་གི་སྒོ་འབྱེད་བྱེད་སྒོ། སྐད་གྲགས་ཆེ་བའི་ཡུལ་སྐོར་ལས་དོན་ཁང་གི་སྨྱན་སྦྱོར་སྒྱུ་རྩལ་མཁས་པ་གཞིས་རྩེར་ཡུལ་སྐོར་དུ་སྐྱོད་པའི་ཉིན་མོའི་བྱེད་སྒོ་བཅས་ཚུད་ཡོད།

    ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་གཞིས་རྩེའི་ཡུལ་སྐོར་སྤྲོ་འཆམ་འོས་སྦྱོར་དང་། གཞིས་རྩེའི་དམངས་སྲོལ་གླུ་གར་འཁྲབ་སྟོན། ས་གནས་ས་ཐོག་ཏུ་གཞིས་རྩེའི་སྲོལ་རྒྱུན་ཟས་མཆོག་གི་བྲོ་བ་མྱོང་བ། གཞིས་རྩེའི་ལག་ཤེས་བཟོ་རྩལ་ཐོན་རྫས་མངགས་ཉོ་བྱེད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད། སི་ཁྲོན་གྱི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་ལས་དོན་མཐུན་ཚོགས་19དང་སྨྱན་སྦྱོར་ཆེན་པོ་25ཡི་འཐུས་མི་འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།