[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>ཚན་རིག
  • ཚན་རྩལ་སྦྲང་ཆར་བབས་། སྔོ་ཚལ་འདབ་སྟོང་གྲོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-07

    པ་སྣམ་རྫོང་གི་སྐོར་གླེང་མ་ཐག་མི་རྣམས་ཀྱི་བློ་ངོར་གཞུང་ལམ་གཡས་གཡོན་དུ་གྲལ་ལྟར་བསྒྲིགས་པའི་འགྱིག་ཤོག་དྲོད་ཁང་ཆེན་པོ་མང་པོ་ཡོད་པ་འཆར་འོང་ཞིང་། ལོ་10ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད་པ་སྣམ་གྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཆེན་པོ་ཕྱིན་ནས་འགྱིག་ཤོག་དྲོད་ཁང་ཆེན་པོ་5367བསྐྲུན་པ་ལས་ལོ་ལྟར་སྔོ་ཚལ་ཐོན་ཚད་སྤྱི་རྒྱ་ཁྲི་2800དང་ཐོན་ཚད་རིན་ཐང་སྒོར་ཁྲི་8400ཟིན་ཡོད་པ་རེད།

    “ད་ཆ་ང་ཚོས་ཇི་ལྟར་བྱས་ནས་སྔོ་ཚལ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་པ་སྣམ་གྱི་སྔོ་ཚལ་དེ་ཉིད་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི་སྣེ་འདྲེན་ཁེ་ལས་ཤིག་ཏུ་འགྱུར་རྒྱུར་བསམ་གཞིག་བྱེད་བཞིན་ཡོད”ཅེས་པ་སྣམ་རྫོང་གི་རྫོང་དཔོན་འཕྲིན་ལས་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་།

    བསམ་བློ་དེའི་སྣེ་ཁྲིད་འོག་པ་སྣམ་རྫོང་གིས་ཧྲན་ཏུང་གྱི་སྔོ་ཚལ་ཐོན་སྐྱེད་ཀྱི་སྔོན་ཐོན་ཉམས་མྱོང་ལ་དཔེ་བལྟས་ནས་མ་དངུལ་བཏང་སྟེ་འགྱིག་ཤོག་དྲོད་ཁང་ཆེན་པོ་བསྐྲུན་ཐོག་ཚན་རྩལ་ལ་བརྟེན་ནས་སྔོ་ཚལ་སྣ་ཁ་མང་དུ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་ཚལ་འདེབས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས་ཡོད་པ་རེད།

    པ་སྣམ་གནོད་མེད་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ནོར་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་པ་སྣམ་རྫོང་གིས་སྔ་རྗེས་སུ་ཅི་ནན་གྲོང་ཁྱེར་ནས་སྤུས་ལེགས་ཀྭ་རིགས་སྣ་ཁ་20ལྷག་ཙམ་ནང་འདྲེན་བྱས་པ་རྣམས་ཕལ་ཆེ་བ་ཚོད་འདེབས་ལེགས་གྲུབ་ཟིན་ནས་སྔ་རྗེས་སུ་ཞིང་འབྲོག་པས་འདེབས་རྒྱུར་ཁྱབ་གདལ་བཏང་ཡོད། མིག་སྔར་པ་སྣམ་རྫོང་གི་དཔེ་སྟོན་ཁུལ་དུ་བཏབ་པའི་སྔོ་ཚལ་སྣ་ཁ་116ཡོད་པ་དང་དེའི་ནང་གཙོ་བོ་ཁྱབ་གདལ་གཏོང་བའི་སྣ་ཁ་36ཡོད་པ་རེད།

    རིག་ནུས་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་སྐྱོད་སྐབས། སྔོ་ཚལ་གྱི་མྱུ་གུ་མང་པོ་འབུད་བཞིན་ཡོད་པ་དང་གང་སར་དབྱར་གཞུང་གི་སྔོ་ཐིང་ཐིང་གི་རྣམ་པ་ཞིག་མངོན་ཞིང་། འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་ད་དུང་རང་འབབ་ཆུ་སྟོར་སྒྲིག་ཆས་དང་། རང་འགུལ་དྲོད་སྙོམས་སྒྲིག་ཆས། ཉིད་འོད་འགེབས་ནུས་སྒྲིག་ཆས་སོགས་ཆ་ཚང་བ་ཡོད་པ་གསར་འགོད་པས་མཐོང་བྱུང་།

    “ཁྲོམ་གཞུང་ཕར་ཕྱོགས་ཀྱི་ལྕགས་སྒྲོམ་དྲོད་ཁང་དང་བསྡུར་ཚེ་ད་ཆའི་རིག་ནུས་འགྱིག་ཤོག་དྲོད་ཁང་ཆེན་པོ་དེ་བས་སྟབས་བདེ་ལ་སྔོ་ཚལ་སྐྱེ་ཚུལ་དེ་བས་བཟང་བ་ཡོད་ཁར་ལས་དོན་མི་སྣའང་ཉུང་དུ་ཕྱིན་ཡོད། རྩིས་རྒྱག་འཕྲུལ་འཁོར་ལ་བརྟེན་ནས་འགྱིག་ཤོག་དྲོད་ཁང་ཆེན་པོ་ཡོངས་ཀྱི་སྔོ་ཚལ་སྐྱེ་ཚུལ་ལྟ་ཞིབ་ཐུབ་པས། ཞིང་ལས་སྐྱེ་དངོས་འཚར་སྐྱེས་གྲངས་གཞི་ཟིན་ཐོ་འགོད་རྒྱུར་སྟབས་བདེ་ཡོད་ལ། སྣ་ཁ་གསར་པ་ཚོད་འདེབས་ལ་དེ་བས་ཕན་པ་ཡོད”ཅེས་རིག་ནུས་འགྱིག་ཤོག་དྲོད་ཁང་ཆེན་པོའི་ལས་དོན་མི་སྣ་བསོད་ནམས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    ཚེ་རིང་ཕུན་ཚོགས་པ་སྣམ་རྫོང་པད་ཚལ་ཤང་བོན་ཚང་གྲོང་ཚོ་ནས་ཡིན་པ་དང་ཁྱིམ་ལ་འགྱིག་ཤོག་དྲོད་ཁང་ཆེན་པོ་4ཡོད་ཅིང་། དེ་སྔ་ཞིང་ལས་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་པ་ནས་ད་ཆ་ལྟོ་གོས་འཛོམས་པའི་བར་ཚེ་རིང་ཕུན་ཚོགས་ཁྱིམ་གྱི་ནང་མི་ལྔའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ད་ཆ་ཁོང་གིས་རང་ཁྱིམ་གྱི་འགྱིག་ཤོག་དྲོད་ཁང་ཆེན་པོའི་ནང་ཤིས་ཀྭ་དང་། འབྲི་ཏ་ས་འཛིན། སུར་པན། ཀྲོ་མ་ཀྲུའུ། ཧོང་ཀྭ་སོགས་སྔོ་ཚལ་སྣ་ཚོགས་བཏབ་ཡོད་པ་དང་། ཁོང་གིས“དེ་སྔ་ལ་ཕུག་དང་པད་ཚལ་བཏབ་པ་དང་བསྡུར་ཚེ་ཀྲོ་མ་ཀྲུའུ་དང་། ཤིས་ཀྭ། ཧོང་ཀྭ་སོགས་སྔོ་ཚལ་བཏབ་པར་ཡོང་འབབ་དེ་བས་མང་བ་འདུག”ཅེས་བཤད་བྱུང་།

    གྲོང་ཚོ་གཅིག་པའི་ཟླ་བས་གསར་འགོད་པར་རྩིས་རགས་ཙམ་བརྒྱབ་པ་སྟེ། ཁོང་ཁྱིམ་གྱི་མུའུ་0.6ཟིན་པའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་པོ་ཞིག་ཏུ་སྔོན་ཆད་པད་ཚལ་བཏབ་པར་བསྡུ་ཐེངས་གཅིག་ལ་སྤྱི་རྒྱ་1000ལྷག་ཙམ་ཟིན་པ་དང་རྒྱ་མ་རེར་སྒོར་1.5བྱས་ན་ཡོང་འབབ་མང་ཤོས་ལ་སྒོར་2000ཟིན་ཙམ་དང་། ད་ཆ་ཤིས་ཀྭ་དང་ཧོང་ཀྭ་སོགས་བཏབ་པར་བསྡུ་ཐེངས་གཅིག་ལ་ཉུང་ཤོས་ལ་ཡོང་འབབ་སྒོར་8000ཟིན་པ་དེ་དེ་སྔའི་ལྡབ་4ཡན་ཟིན་གྱི་འདུག དེ་དག་ཚང་མ་ཚན་རྩལ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ཟླ་བས་གསར་འགོད་པར་བཤད་བྱུང་།

    འཕྲིན་ལས་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་པ་སྣམ་རྫོང་དུ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.17ཟིན་པའི་ནང་ཁྱད་ལྡན་སྔོ་ཚལ་ཐོན་ལས་རྟེན་གཞིའི་རྒྱ་ཁྱོན་མུའུ་1700ཟིན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་འདེབས་འཛུགས་མུའུ་3000ཁྱབ་གདལ་བཏང་བ། ཚད་ལྡན་དཔེ་སྟོན་རྟེན་གཞི་25གཙོ་གནད་ཐོག་སྲུང་སྐྱོང་དང་བསྐྲུན་པ། ལོར་ནུས་ཆེའི་ཉི་འོད་འགྱིག་ཤོག་དྲོད་ཁང་དུ་སྔོ་ཚལ་སྣ་ཁ་གསར་པའི་མྱུ་གུ་འདེབས་གསོ་བྱེད་ཚད་རྐང་ཁྲི་110ཟིན་པ། རེ་ཞུ་ཁས་ལེན་ཐོབ་པའི་གནོད་མེད་སྔོ་ཚལ་སྣ་ཁ་15ཟིན་པ་བཅས་རེད།

    མིག་སྔར་པ་སྣམ་རྫོང་གི་སྔོ་ཚལ་གཙོ་བོ་གཞིས་རྩེ་དང་རྒྱལ་རྩེ་སོགས་སུ་ཕྱིར་ཚོང་བྱེད་པ་དང་། སྔོ་ཚལ་ཐོན་ལས་དེ་ཉིད་པ་སྣམ་རྫོང་གི་ཞིང་འབྲོག་ཐོན་ལས་ཁྲོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཏུ་གྱུར་བ་མ་ཟད། པ་སྣམ་རྫོང་ཡང་ལྗོངས་ཡོངས་ཀྱི་ས་མཐོའི་དུས་ལྡོག་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཆེ་གྲས་སུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 卓玛吉