[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་སྦྱོང་དང་ལག་བསྟར།
  • སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    —— ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-12-13

    ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཞུང་དོན་ཁང་།

    བོད་ལྗོངས་ས་མཐོ་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་དང་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་ཀྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ་ཕ་ཚ་བུ་རྒྱུད་ལ་ཕན་བདེ་སྐྲུན་པའི་བརྗིད་ཆེའི་བྱ་གཞག་ཅིག་ཀྱང་ཡིན།

    ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པ་དང་། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་འདུ་ཤེས་སྔ་ཕྱི་བར་གསུམ་དུ་འཛིན་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་བྱས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ལམ་ལུགས་ནན་ཤོས་དང་ཆེས་དམ་ཟབ་ཀྱི་ཁྲིམས་སྐྱོང་ཐོག་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་བས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ཐད་སྲུང་སྐྱོང་ཧ་ཅང་ཡག་པོ་ཐུབ་ཡོད། 2014ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པ་དེའི་ནང་རྒྱལ་ཁབ་རིམ་པ་9དང་། རང་སྐྱོང་ལྗོངས་རིམ་པ་14 ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་24བཅས་ཡོད་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.55%བཟུང་བ་དང་། ལྗོངས་ཡོངས་སུ་རིགས་ཁག་གི་སྣོད་བཅུད་ནུས་པ་སྲུང་སྐྱོང་ཁུལ་22བསྐྲུན་པ་དེའི་ནང་རྒྱལ་ཁབ་རིམ་པ་1ཡོད་པ། ལྗོངས་ཡོངས་སུ་རང་བྱུང་རྩྭ་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་8800ཡོད་པ་དེའི་ནང་སྤྱོད་ཆོག་པའི་རང་བྱུང་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་7700ཟིན་པ། ལྗོངས་ཡོངས་སུ་ད་ཡོད་ཀྱི་ནགས་ཚལ་སྤྱི་ཆིང་ཁྲི་1684.86ཟིན་པ། ནགས་ཚལ་ཁྱབ་ཚད་14.01%ཟིན་པ་དང་ལྗོངས་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་5པར་སླེབས་པ་དང་ནགས་ཚལ་གསོག་ཉར་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ། ལྗོངས་ཡོངས་སུ་འདམ་ར་སྤྱི་ཆིང་ཁྲི་652.3ཡོད་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་5.31%བཟུང་བ་དང་འབྲེལ་འཛམ་གླིང་ཐོག་གཅིག་ཁོ་ན་ལས་མེད་པའི་ས་མཐོའི་འདམ་ར་ཡོད། ལྗོངས་ཡོངས་སུ་བདག་ཏུ་མ་བཟུང་བའི་རྩི་ཤིང་སྣ་ཁ་9600ལྷག་ཙམ་དང་། རིམ་པ་མཐོ་བའི་རྩི་ཤིང་སྣ་ཁ་400ལྷག་ཙམ། རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་212བཅས་དང《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ཀྱི་ཟུར་བཀོད་ནང་བླུགས་པ་དང་། བདག་ཏུ་མ་བཟུང་བའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་798ཡོད་པའི་ནང་རིགས་125རྒྱལ་ཁབ་ཀྱི་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གྲས་སུ་བླུགས་པ་དེས་རྒྱལ་ཡོངས་ཀྱི་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གསུམ་ཆ་གཅིག་ཡན་བཟུང་བ་དང་རིགས་196ནི་བོད་ལ་ཁོ་ནར་ཡོད་པ་ཞིག་རེད།

    བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཅེས་ཤོད་ཆོག་མོད། འོན་ཀྱང་བོད་ལྗོངས་ས་མཐོའི་སྣོད་བཅུད་ནི་དཔེ་མཚོན་གྱི་གཙོ་གནད་དང་ཚོར་སྣང་སྐྱེན་པའི་སྣོད་བཅུད་ས་ཁོངས་ཡིན་པ་དང་སྣོད་བཅུད་ཁོར་ཡུག་མ་ལག་ཤིན་ཏུ་ཉམས་ཞན་ཡིན་པས་གནོད་འཚེ་ཕོག་ཚེ་སླར་གསོ་བྱེད་དཀའ་བས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་རྒྱུན་མཐུད་དང་ཡུན་རིང་ཞིག་ཡིན་པ་དང་ལས་འགན་ཆེ་ལ་ལམ་ཐག་རིང་བ་ཞིག་ཡིན། དེར་བརྟེན་ང་ཚོས་སྣོད་བཅུད་ཁོར་ཡུག་རིན་དོད་དུ་བྱས་ཏེ་མིག་མདུན་དང་ཆ་ཤས་ཀྱི་དཔལ་འབྱོར་ཁེ་ཕན་ཐོབ་ཐབས་གཏན་ནས་བྱེད་མི་རུང་བར་དུས་བབ་གསར་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གསར་པར་བྱས་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གོ་སྐབས་སུ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བསམ་བློ་དང་སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་འདུ་ཤེས་བརྟན་པོ་བཙུགས་ནས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་ལ་མཐོང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཚད་བརྒལ་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས།

    གཅིག ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བ།

    “6·5”འཛམ་གླིང་སའི་གོ་ལའི་ཉིན་མོ་དང་། “འཛམ་གླིང་ས་ཆའི་ཉིན་མོ”“འཛམ་གླིང་ཆུའི་ཉིན་མོ”“6·17ཐང་རྒོད་འགོག་བཅོས་ཉིན་མོ”སོགས་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོང་ཉིན་མོར་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བས་སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།

    གཉིས། ཁོར་ཡུག་སྲུང་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། རིམ་ཁག་སྲིད་གཞུང་དང་དེ་བཞིན་ལས་རིགས་ཁག་གི་སྡེ་ཚན་གྱིས་འཁུར་དགོས་ངེས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་དུ་བཏང་ནས་རིམ་ཁག་སྲིད་གཞུང་གི་དབང་ཆ་དང་ལས་འགན་གཅིག་གྱུར་གྱི་ཁོངས་གཏོགས་ས་ཆའི་དོ་དམ་མ་ལག་དང་ལས་རིགས་ཁག་གི་སྡེ་ཚན་གྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་འགན་འཁྲིའི་མ་ལག་སྐྲུན་ཤུགས་ཆེ་རུ་བཏང་བས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། འགན་ནུས་སྡེ་ཚན་ཁག་གིས་ལས་བགོས་མཐུན་སྦྱོར་བྱེད་པ། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གཅིག་གྱུར་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་དངོས་སུ་ཆགས་ཡོད་པ་རེད།

    གསུམ། སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་མགྱོགས་མྱུར་འཐུས་ཚང་བཏང་ནས་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ། ཁོར་ཡུག་ཆོག་འཐུས་སྲིད་ཇུས་ལག་ལེན་ནན་པོ་བསྟར་ནས་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི”ལམ་ལུགས་དང“སྨྱུ་གུ་གཅིག”གི་ཞིབ་བཤེར་མཆན་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་འགོ་ཁྲིད་ལས་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“ཚེ་གང་འགན་འཁྲི་བདའ་འདེད་གཏོང་བའི”བླང་བྱ་དོན་འཁྱོལ་བྱས་ཡོད། ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་དྲ་མིག་ལུགས་མཐུན་དབྱེ་འབྱེད་བྱས་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཚན་པ་དང་མི་སྒེར་ལ་དོན་འཁྱོལ་ཐུབ་པ་བྱས་ཏེ་ལྟ་སྐུལ་དོ་དམ་ཐད་ཁུག་ཆ་མ་ལུས་པ་དང་ཁྲིམས་འཛིན་ཐད་སྟོང་ཆ་མ་ལུས་པའི་འགན་ལེན་བྱས་པ་རེད།

    བཞི། ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱས་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ས་གནས་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་གསར་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཁྱོན་ཡོངས་ནས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་འགན་འཁྲིའི་གཏན་འབེབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་སྤྱོད་ཐབས》སོགས་ལེ་ལག་ཚང་བའི་ཁྲིམས་སྲོལ་མགྱོགས་མྱུར་བཏོན་པ། ཁོར་ཡུག་སྲུང་སྐྱོང་གི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་བ། ཁོར་ཡུག་སྲུང་སྐྱོང་གི་དབང་ཆའི་གསལ་ཐོ་སོགས་འབྲེལ་ཡོད་ལམ་ལུགས་གཏན་འབེབས་བྱས་པ་རེད། 《རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད》དང《རྒྱལ་ཡོངས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཁ་གཏད་བོད་སྐྱོར་འཆར་འགོད》སོགས་ས་ཁོངས་རང་བཞིན་དང་། ལས་རིགས་རང་བཞིན། ཆེད་དོན་རང་བཞིན་བཅས་ཀྱི་འཆར་འགོད་བཟོས་པ་དང་འབྲེལ་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ཐོག་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་མང་དག་གཅིག་སྤྱི་འདོམས་བྱས་པ་དང་ཁོར་ཡུག་རྨང་གཞིའི་འགན་ལེན་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོར་ཡུག་དོ་དམ་གྱི་ཆ་འཕྲིན་ཅན་དང་། རིག་ནུས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།