[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་སྦྱོང་དང་ལག་བསྟར།
  • བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-03

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱས་ནས་ཚོགས་འདུའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཆུད་པ་བྱེད་པ། ལས་བྱེད་མང་ཚོགས་ཀྱི་སྣེ་ཡག་པོ་འཁྲིད་དེ་ཏང་གི་བོད་སྐྱོང་ཇུས་ཆེན་གྱིས་སྣེ་ཁྲིད་དུ་བྱེད་པ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཆེད་འབད་འཐབ་ཧུར་ཐག་བྱེད་པ་དང་། རང་ལྗོངས་ཡུན་རིང་འཕེལ་རྒྱས་ཡོང་རྒྱུར་སེམས་ནུས་གཅིག་སྒྲིལ་ཐུབ་པ་བྱས་ཡོད་པ་རེད།

    ཟླ་8ཚེས་31ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་ཞིང་ཆེན་རིམ་པའི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ལས་བྱེད་རྒན་གྲས་ཀྱི་ལས་དོན་སྡེ་ཚན་དང་རྒྱ་ཆེའི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཚོས་སློབ་སྦྱོང་གཏིང་ཟབ་དང་།  སློབ་སྦྱོང་ཡང་སྐོར་བསྐྱར་སྐོར། གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་ལག་ལེན་ལ་མཛུབ་ཁྲིད་དངོས་འབྲེལ་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ལ་བརྟེན་ནས་ལས་བྱེད་པ་ཚོས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གང་ལེགས་ཚོར་བ་བྱེད་དགོས་པ་བསྟན་ཡོད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་གོ་སྐབས་སུ་བྱས་ནས་བསམ་བློའི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་དོ་དམ་འཐུས་ཚང་དུ་གཏོང་བ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་ལས་བྱེད་རྒན་གྲས་ཀྱིས་ལས་དོན་ཕྱོགས་འགྱུར་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཞིང་ཆེན་རིམ་པའི་ལས་བྲལ་དང་ལས་འཁྱུར་ལས་བྱེད་པ་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ལ་དོན་འཁྱོལ་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྔོན་ཆད་བཞིན་དོ་ཁུར་ཟབ་མོ་དང་། བསམ་ཤེས་དང་རྒྱབ་སྐྱོར། ལས་ཀར་ཧུར་ཐག་ཞུགས་པ་བཅས་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཟླ་8ཚེས་31ཉིན་གྱི་སྔ་དྲོ་སེ་ར་དགོན་པའི་དོ་དམ་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱ་ཆེད། བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། དགོན་སྡེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་གཙང་མ་བསྲུངས་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད། མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    ཟླ་8ཚེས་28ཉིན་གྱི་ཕྱི་དྲོ་གཞིས་རྩེ་གྲོང་ཨུད་ཀྱིས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སློབ་སྦྱོང་འཆར་གཞི་བཟོས་ནས་ཡང་སྐོར་བསྐྱར་སྐོར་དང་གོ་རིམ་ལྡན་པའི་སྒོ་ནས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་དགོས། སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་དོན་སྙིང་ལ་མཐོང་ཆེན་དང་། འགྱུར་མེད་རྣམ་འགྱུར་གྱིས་དེང་སྐབས་ཀྱི་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། ལག་ལེན་བསྟར་འཐུས་ཀྱི་དོན་འཁྱོལ་བྱེད་ཐབས་དང་ལས་ཀའི་འཆར་གཞི་ཏན་ཏིག་བཟོ་བ། འཇུག་གཞི་གལ་ཆེན་གནད་ལ་འཁེལ་པོས་འཚོལ་བ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཟླ་8ཚེས་31ཉིན་གྱི་སྔ་དྲོ་བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་བཞུགས་མོལ་ཚོགས་འདུར་བཏོན་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བྱེད་ཕྱོགས་དང་། བཀོད་སྒྲིག་བླང་བྱ། ལྷག་དོན་དུ“བློ་བརྟན་འགྱུར་མེད་བཞི”དང་། “འགན་ལེན་བཞི”“ངེས་པར་དུ་བྱེད་དགོས་པ་དྲུག”བཅས་ནི་ཏང་གི་བོད་ཀྱི་ལས་དོན་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཕྱོགས་ཤིག་རེད། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དངོས་འབྲེལ། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་འབྲེལ་བྱ་སྤྱོད་དངོས་ལ་དོན་འཁྱོལ་ཐུབ་པ་བྱས་ཏེ་ནང་བསྟན་སློབ་གླིང་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ཟླ་8ཚེས་31ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཐིང་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཆེད་མངགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་མཐར་ཕྱིན་བྱ་རྒྱུ་ཡིན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་སྣོད་བཅུད་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་དང་། དམར་ཐིག དམ་བསྒྲགས་ཚད་གཞི་ནན་པོ་སྲུང་བ་དང་བོད་ཀྱི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་དང་སྣོད་བཅུད་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བྱ་རྒྱུ་དེ་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབ་སར་བརྩིས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཞིན“ལོ་ལྔ་ཚན་བཅུ་གསུམ་པ”འཆར་འགོད་ནན་ཏན་དང་། བོད་ཀྱི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཁོར་ཡུག་ལ་སྔར་བས་ལྟ་སྐུལ་དོ་དམ་བཅས་བྱས་ཏེ་རང་ལྗོངས་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་འགན་ལེན་བྱས་ཐོག་སྣོད་བཅུད་བཟང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་ཚང་མས་ངོས་འཛིན་བྱས་པ་རེད།

    ཟླ་8ཚེས་31ཉིན་གྱི་ཕྱི་དྲོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་ལས་བྱེད་ལས་བཟོའི་ཚོགས་ཆེན་འཚོགས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཆེད་མངགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། བཞུགས་མོལ་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་། ཚོགས་ཞུགས་མི་སྣས《བོད་ལྗོངས་ཉིན་རེའི་ཚགས་པར》ནི་ཏང་གི་གསར་འགྱུར་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་གཙོ་བོ་ཞིག་གི་ངོས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་ནི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་སྟབས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོའི་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ཏེ་ལས་དོན་འདི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོར་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱས་ནས་ཕན་འབྲས་ཐོན་པར་བྱེད་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཡང་སྨྱན་སྦྱོར་མཉམ་འདྲེས་བྱེད་མགྱོགས་སུ་གཏོང་བ་དང་ཕྱོགས་འགྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སུ་སླེབས་ཡོད་པས། ཀྲུང་དབྱང་གིས་བཏོན་གནང་བའི“ཆ་འཕྲིན་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བའི”བླང་བྱ་གཞིར་བཟུང་། རྩ་ཆེའི་གོ་སྐབས་དམ་འཛིན་གྱིས་སྐབས་དང་བསྟུན་ནས་རང་འགུལ་ངང་ལས་རྗེས་འཇོག་ཐུབ་པ་བྱས་ཏེ། ཚགས་པར་ལས་རིགས་དང་ཐོན་ལས་ཀྱི་བྱ་གཞག་ཁག་མགྱོགས་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    ཉེ་ཆར་སྦྲ་ཆེན་རྫོང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁ་གསལ་བཏོན་ཡོད་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་ས་ཁ་གསལ་བཏོན་ཡོད་པས། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོས་གོ་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ལས་དོན་སྤེལ་བའི་ཚད་མེད་སྒུལ་ཤུགས་སུ་འགྱུར་བ་བྱས་ཐོག སྦྲ་ཆེན་རྫོང་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།