[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་སྦྱོང་དང་ལག་བསྟར།
  • གངས་ལྗོངས་བུ་ཕྲུག་དགའ་བའི་འཛུམ་མདངས་འཕྱུར།

    བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དམངས་འཚོ་ལེགས་སུ་གཏོང་བའི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་གྲུབ་འབྲས་ཐོབ་པའི་ངང་བོད་དུ་ལག་ལེན་བསྟར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-09-03

    དམངས་འཚོ་དེ་འཕེལ་རྒྱས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་བ་དང་འབྲེལ་བ་ཡོད།

    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལམ་བུའི་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གནམ་འོག་དང་མི་དམངས་ཐུགས་སུ་བཅངས་ནས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་གི་ཡོད།

    “ང་ཚོའི་ཏང་གི་རྩ་བ་མི་དམངས་ཀྱི་ཁྲོད་དུ་དང་སྟོབས་ཤུགས་དེ་མི་དམངས་ཁྲོད་དུ་ཡོད་པས་དར་རྒུད་རྒྱལ་ཕམ་དེ་མི་དམངས་ལ་ཐུག་ཡོད”“མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ང་ཚོའི་འབད་འཐབ་དམིགས་ཚད་རེད”

    “སྔ་ཕྱི་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས”

    བདེ་སྡོད་ལས་གྲྭ་ནས་དྲོད་རླངས་མཁོ་འདོན་གྱི་ལས་གྲྭའི་བར་དང་། “བརྒྱད་འཛོམས་ཞིང་དུད”ནས“མིག་མཐོང་ལག་ཟིན་གྱི་བྱ་བ་བཅུ”བར། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ནས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བར། སློབ་གསོའི“འགན་ལེན་གསུམ”ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མེད་སྨན་བཅོས་བར་སོགས་བྱ་བ་ཚང་མའི་ཐོག་ནས་སྲིད་སྐྱོང་དམངས་ཆེད་ཀྱི་འོད་ཟེར་འཕྲོ་བ་དང་། དཔྱིད་ཆར་གྱིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་པ་བརླན།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། དམངས་འཚོ་སྔོན་སྤེལ་གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ལོ་ལྟར་ནོར་སྲིད་འགྲོ་གྲོན་གྱི་70%ཡན་དམངས་འཚོར་སྤྱད་ནས་ཞིང་འབྲོག་པ་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་ལ་གཙོ་གནད་དུ་གཟིགས་སྐྱོང་བྱེད་པ། དམངས་ཕན་གྱི་མིག་མཐོང་ལག་ཟིན་གྱི་བྱ་བ་བཟང་པོ་ཁག་གཅིག་གཅིག་སྡུད་ཐོག་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་གི་ཐུགས་ཁུར་དེ་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་པའི་ནང་ཚོར་ཐུབ་པ་བྱས་ཏེ་ཟིལ་རླབས་དགུང་འཕྱུར་གྱི“དམངས་འཚོའི་ལེའུ”ཞིག་བརྩམས་ཡོད།

    ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ལ་བཅངས་ནས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩིས་པ།

    དམངས་འཚོ་དང་དམངས་སེམས་གཅིག་ཏུ་འབྲེལ། དམངས་སེམས་དང་རྒྱལ་ཁབ་ཀྱི་ལས་དབང་གཅིག་ཏུ་འབྲེལ།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“སྔ་ཕྱི་བར་གསུམ་དུ་མི་དམངས་དེ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བ་ཡོད་པ་བློ་ལ་བརྟན་པོར་ངེས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་ཉེན་སྐྱིད་སྡུག་སེམས་ནང་འཇོག་དགོས”ཞེས་བསྟན།

    “དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩིས་དགོས”རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་བློ་ལ་འཇོག་པ་དང་དམ་འཛིན་ནན་པོ་བྱེད་ཀྱི་ཡོད།

    2013ལོའི་ཟླ་9ཚེས་22ཉིན་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་འབོད་སྣང་སྡེ་ཁུལ་གྱི་དོན་གྲུབ་དང་། ཀུན་དགའ་རྒྱལ་མཚན། དགེ་ལེགས་སོགས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་གདན་ཞུ་ལྟར་ཁྱིམ་དུ་མགྲོན་དུ་ཐེངས་དང་པོར་སྐྱོད། ཚང་མ་མཉམ་དུ་བསྡད་ནས་ཁ་བརྡ་གློད་པ་དང་བསམ་འཆར་གླེང་བ་མ་ཟད་ད་དུང་ཁྲེན་ཆོན་གོ་དང་ལྷན་དུ་དགུང་ཟས་སྟབས་བདེ་ཞིག་བཞེས། དགེ་ལེགས་ཀྱིས“དེ་གོང་སྐུ་ཉིད་ཀྱིས་ངའི་ཁྱིམ་དུ་ང་ཚོ་མགྲོན་དུ་འབོད་ཀྱི་ཡིན་ཞེས་གསུང་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་དངོས་སུ་སྐྱོད་ཐུབ་པ་བྱུང་བས་དངོས་འབྲེལ་རྨི་ལམ་ལྟ་བུ་ཞིག་བྱུང”ཞེས་ཞུས།

    མང་ཚོགས་ཀྱི་བདེ་སྡུག་ཤེས་རྟོགས་ཏན་ཏིག་བྱེད་པ་དང་མང་ཚོགས་དང་བརྩེ་སེམས་ཆེ་རུ་གཏོང་ཆེད་རྒྱ་ཆེའི་ཏང་ཡོན་ལས་བྱེད་ཁྲོད་དུ་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་ནས་ཏང་ཡོན་ལས་བྱེད་པས་དམངས་ཀྱི་གནས་ཚུལ་ཉན་པ་དང་དམངས་ཀྱི་སེམས་ཁྲལ་བསལ་རྒྱུར་སྐུལ་མ་བཏང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཅིག་གིས་རྫོང་གཅིག་དང་། གྲོང་ཚོ་གཅིག དགོན་སྡེ་གཅིག མང་ཚོགས་དབུལ་པོ་དུད་ཚང་གཉིས་ནས་གསུམ་བར་བཅས་ལ་འབྲེལ་གཏུག་དང་དུས་ཚིགས་རེར་འབྲེལ་གཏུག་བྱ་ཡུལ་དུད་ཚང་དུ་ཉིན་འགའ་སྡོད་དགོས་པ་དང་རྒྱུན་དུ་འབྲེལ་བ་བྱས་ནས་ཆ་སྒྲིག་མང་ཚོགས་ཁྱིམ་དུ་མགྲོན་པོར་འགྲོ་དགོས་པ་དང་འབྲེལ་ལམ་སྲོལ་ཞིག་ཏུ་ཆགས།

    “གྲོང་ཚོར་བཅའ་སྡོད་ལས་བྱེད་པ”ཞེས་པ་ནི་ད་ཕན་ལོ་ཤས་རིང་ཐོས་མང་བའི་བོད་ཀྱི“ཐ་སྙད་གསར་པ”ཞིག་རེད། བོད་དེ་མཐའ་མཚམས་སུ་གནས་པ་དང་ས་རྒྱ་ཆེ་ཞིང་མི་ཉུང་བས་ས་གནས་ལ་ལའི་མང་ཚོགས་ཀྱིས་ལོ་འཁོར་མོར་ལས་བྱེད་པ་མཐོང་རྒྱུ་མེད་པ་དང་ལས་བྱེད་པར་ལོ་འཁོར་མོར་མང་ཚོགས་མི་འཕྲད་པས་དཀའ་ངལ་དང་གནད་དོན་འཕྲད་སྐབས་དུས་ཐོག་ཏུ་ཐག་གཅོད་ཐུབ་ཀྱི་མེད། གནས་ཚུལ་དེར་དམིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2011ལོ་ནས་བཟུང་ལྗོངས་ཡོངས་སུ་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་སྤེལ་བ་དང་ལོ་ལྟར་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས)ཤང་དང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁྲུའུ)བཅས་ཀྱིས་ལས་བྱེད་པ་ཉིས་ཁྲི་ལྷག་ཙམ་འདེམས་གཏོང་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(ཡུལ་མི་ཨུ་ཡོན་ལྷན་ཁང)5460བསྡད་ནས་རུ་མིས་ཚབ་བྱེད་པ་དང་། ཚན་པས་རྒྱབ་རྟེན་དུ་བྱེད་པ། འགན་འཁུར་གཙོ་བོས་སྤྱི་འགན་ཁུར་བ་བཅས་མཐའ་འཁྱོངས་བྱས་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བ། ཏང་གི་བཀའ་དྲིན་གྱི་སློབ་གསོ་གཏོང་བ། མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་བཅས་གཙོ་གནད་ལས་འགན་ཁག་ལྔ་སྒྲུབ།

    ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ལས་ཀའི་དམིགས་ཚད་དུ་བརྩི་བ།

    འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོ་ཚོགས་ཆུང་ལྔ་པ་ནས་ཉེ་འགྲམ་གྱི་ཨ་རའི་འདམ་ར་དབར་གྱི་འགྲོ་ལམ་དེ་དེ་སྔ་སྟབས་བདེ་ཞིག་ལས་མེད་སྟབས་གྲོང་མིས་རྟ་དང་སྦག་སྦག་ལ་བརྟེན་ནས་གཟན་རྩྭ་འབོར་འདྲེན་བྱེད་ཀྱི་ཡོད་པས་ཕྱིར་འགྲོ་རྒྱུར་ཧ་ཅང་སྟབས་བདེ་པོ་མེད། ཤང་སྲིད་གཞུང་གིས་དམངས་འཚོའི་མ་དངུལ་ནང་ནས་སྒོར་ཁྲི་15བཏང་སྟེ་ཆེད་མངགས་འགྲོ་ལམ་ཉམས་གསོ་བྱས་ཏེ་ཚོགས་ཆུང་དེའི་དུད་ཚང་58དང་གྲོང་མི་200ལྷག་ཙམ་གྱི་ཕྱིར་འགྲོ་དང་འབོར་འདྲེན་གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད།

    ཆུ་དང་། གློག ལམ། རྫབ་རླངས། འཕྲིན་གཏོང་། སྦྲག་སྲིད། རླུང་འཕྲིན་དང་བརྙན་འཕྲིན། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས“བརྒྱད་འཛོམས་ཞིང་དུད”ཀྱི་འདུ་འགོད་གཏིང་ཟབ་ལག་ལེན་བསྟར་བ་དང་ཆབས་ཅིག་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཆེས་ཆེའི་ལེགས་སུ་ཕྱིན་ནས་མི་ཁྲི་28.65ཡི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་99.7%དང་97.4%སོ་སོར་ཟིན་པ། ཤང་དང་གྲོང་རྡལ་དུ་འོད་སྐུད་ཁྲིད་ཐུབ་ཚད་97.5%ཟིན་པ། སྲིད་འཛིན་གྲོང་ཚོར་སྦྲག་སྲིད་ཤར་གཏོང་ཐུབ་ཚད་91.6%ཟིན་པ། རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་མི་འབོར་གྱི་94.78%དང་95.91%སོ་སོར་ཟིན་པ་བཅས་བྱུང་ནས་གཞི་རྩའི་ཆ་ནས་རང་སྐྱོང་ལྗོངས་དང་། ས་ཁུལ་། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་ཡོད།

    2014ལོའི་ཟླ་11ཚེས་17ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ལོ་3ལ་སླེབས་པའི་བུ་ཆུང་དཀོན་མཆོག་བསྟན་དར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་གཟུགས་པོ་བསྐྱར་བཤེར་བྱས་རྗེས་ཨ་མ་དང་ལག་གདང་འཆང་ནས་རྒྱུགས་མཆོང་བྱེད་བཞིན་དུ་སྨན་ཁང་གི་རྒྱལ་སྒོ་ནས་ཐོན། འོན་ཏེ་ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་གཤག་བཅོས་ལམ་ལྷོངས་བྱུང་མེད་ཚེ་ལྷན་སྐྱེས་སྙིང་ནད་ཕོག་པའི་དཀོན་མཆོག་བསྟན་དར་ངོས་ནས་བཤད་ན་ཟླ་ཤས་གོང་དུ་འཚོ་ཞིང་གནས་རྒྱུ་ནི་དཀའ་ངལ་ཞིག་རེད། རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ་དང་གསོ་རླུང་མི་འདང་བ་སོགས་ཀྱིས་རྐྱེན་པས་བོད་ཀྱི་བྱིས་པར་ལྷན་སྐྱེས་སྙིང་ནད་ཕོག་ཚད་11.1‰ཟིན་ནས་རྒྱལ་ཡོངས་ཀྱི་8‰ཆུ་ཚད་ལས་མཐོ་བ་ཡོད། 2012ལོ་ནས་བཟུང་བོད་ཀྱིས་ལྗོངས་ཡོངས་སུ་བྱིས་པའི་ལྷན་སྐྱེས་སྙིང་ནད་འགྲོ་གྲོན་མི་དགོས་པར་སྨན་བཅོས་བྱེད་པའི་འདུ་འགོད་འགོ་ཚུགས་པ་དང་ལོ་གཉིས་ལྷག་ཙམ་གྱི་འབད་བརྩོན་བྱས་པ་བརྒྱུད་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཁྲི་1ལྷག་ཙམ་ཚང་མར་སྨན་བཅོས་ལེགས་གྲུབ་བྱུང་བ་དང་དུས་མཚུངས་འགུལ་རྣམ་གྲལ་བཤེར་གྱི་ལམ་སྲོལ་བཙུགས་ནས་ནད་པ་གཅིག་ཐོན་ན་དེར་སྨན་བཅོས་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་རྣམས་ནད་གཞི་ཉུང་ཙམ་ཕོག་པ་དང་། ནད་ལྟ་ཐུབ་པ། ནད་གཞི་ཡག་པོ་ལྟ་བ། ནད་ལྟ་རྒྱུ་སྟབས་བདེ་བཅས་ཀྱི་དམིགས་ཡུལ་ལ་གཞིགས་ཏེ་སྤྱི་པའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྫོང་ཚང་མར་ཚད་ལྡན་ཅན་གྱི་སྨན་ཁང་དང་། ཤང་དང་གྲོང་རྡལ་ལ་འཕྲོད་བསྟེན་ཁང་། སྲིད་འཛིན་གྲོང་ཚོར་འཕྲོད་བསྟེན་ཁང་བཅས་ཡོད་པ་རྩ་བའི་ཆ་ནས་མངོན་འགྱུར་བྱུང་བ་དང་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་གཞི་བརྟག་དཔྱད་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ་བདེ་ཐང་ཡིག་ཚགས་བཟོས་ཡོད།

    2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི“དོན་དངོས་བཅུ”དམ་འཛིན་བྱེད་གཞིར་བརྩིས་ནས་སྒོར་དུང་ཕྱུར་71བཏང་སྟེ་དམངས་འཚོའི་སྲིད་ཇུས་ཁག་18ཁྱོན་ཡོངས་ནས་དོན་འཁྱོལ་དང་དམངས་ཕན་བྱ་ཐབས་ཁག་11མང་དུ་བཏང་ནས་བོད་ལྗོངས་ས་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་འཕེལ་རྒྱས་ལ་སྐུལ་མ་བཏང་སྟབས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དམངས་འཚོའི་ལས་དོན་གྱི་དུས་རབས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་དང་གོང་དུ་འཕེལ།

    2015ལོར་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་གཅེས་དང་། དམངས་བདེ། དམངས་ཕན་བཅས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ནོར་ཤུགས་70%ཡན་དམངས་འཚོའི་ཐད་མུ་མཐུད་བཏང་སྟེ་དམངས་འཚོའི“དོན་དངོས་བཅུ”ལེགས་པར་སྒྲུབ་པ་དང་སྒོར་དུང་ཕྱུར་86བཏང་སྟེ་ཕྱོགས་10ཐད་ཀྱི་ཚད་གཞི་མཐོར་གཏོང་དང་གཞི་ཁྱོན་ཆེར་གཏོང་གི་རྣམ་གྲངས་26གི་སྲིད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། སློབ་གསོ་དྲང་སྙོམས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྗིད་ཉམས་ལྡན་པའི་ངང་ཁས་ལེན་བྱས།

    གྲངས་ཀ་དེ་དག་ལས་དམངས་ཆེད་ཀྱི་བརྩེ་སེམས་ཟབ་མོ་དང་བདེ་སྐྱིད་ཀྱི་འཛུམ་མདངས་རེ་རེ་མཚོན་བཞིན་ཡོད།

    བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ།

    “ཚང་མས་ང་དུད་སྦྲེལ་སྤྱི་མི་བྱ་རྒྱུར་འོས་སྦྱོར་བྱས་པ་དེ་ནི་ང་ལ་ཡིད་ཆེས་བྱས་པ་ཞིག་རེད། ན་ནིང་ངས་སྲིད་གཞུང་ནས་བཏང་བའི‘འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་མཉམ་སྲུང་མཉམ་འཁུར’གྱི་སྲིད་ཇུས་ཀྱི་དངུལ་བུན་སྒོར་ཁྲི་25སྤྱད་དེ་དེ་སྔའི་སྨི་གྲུ་བཞི་མ་20ཡོད་པའི་ལྕགས་ཟངས་ལས་སྣོན་ཁང་དེ་སྨི་གྲུ་བཞི་མ་240ཡོད་པའི་ལས་སྣོན་བཟོ་གྲྭར་རྒྱ་སྐྱེད་བཏང་བ་ཡིན”དུས་ཐུང་ལོ་གཅིག་ནང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་ལམ་དོན་གཅོད་ཁྲུའུ་སྒང་ཏོག་སྡེ་ཁུལ་གྱི་བཀྲ་ཤིས་ཚེ་རིང་གིས་ཡུལ་མི་ཚོར་ལྕགས་ཟངས་ལས་སྣོན་ལག་རྩལ་བསླབ་པས་ལོ་རེའི་ཡོང་འབབ་མཐོ་ཤོས་ལ་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད།

    བོད་ཀྱི་ས་རྒྱ་ཆེ་བ་དང་། མང་ཚོགས་གནས་སྡོད་ཁ་ཐོར་ཡིན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ། སྤྱི་ཚོགས་བཅོས་སྒྲིག་གི་དཀའ་ངལ་ཆེ་བ། དམངས་འཚོ་ལེགས་གཏོང་གི་ལས་འགན་ལྕི་བ་བཅས་ཡོད་པར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་གྱི་ལྗོངས་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་དམངས་འཚོ་ལེགས་གཏོང་གི་ལས་ཀའི་བསམ་ཕྱོགས་ལྟར་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་དང་མང་ཚོགས་རང་མོས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་ལྗོངས་ཡོངས་སུ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱི་གཏོད་འདེམས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དུད་ཚང་5ནས་10བར་དུད་སྦྲེལ་ཚན་པར་བརྩི་རྒྱུར་ཁྲིད་སྟོན་བྱས་ཏེ་དུད་སྦྲེལ་འབབ་འཕར་ལ་སྐུལ་མ་གཏོང་བ་དང་དུད་སྦྲེལ་དུས་བདེ་ཡོང་བའི་འགན་ལེན་བྱས་པ་རེད། མིག་སྔར་དུད་སྦྲེལ་ཚན་པ་ཁྲི་9ལྷག་ཙམ་བཙུགས་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་ལ་ཁྱབ་ཡོད།

    གཉིས་ལྡན་དུད་སྦྲེལ་གཏོད་འཛུགས་ལས་དོན་ཐད་དུད་སྦྲེལ་དང་འགན་འཁྲི་མཉམ་འཁུར་གྱིས་འབབ་འཕར་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་མ་གཏོང་བ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཞིང་ལས་འཕྲོད་སར་ཞིང་ལས་དང་། ནགས་ལས་འཕྲོད་སར་ནགས་ལས། ཕྱུགས་ལས་འཕྲོད་སར་ཕྱུགས་ལས། བཟོ་ལས་འཕྲོད་སར་བཟོ་ལས། ཚོང་ལས་འཕྲོད་སར་ཚོང་ལས། ཡུལ་སྐོར་འཕྲོད་སར་ཡུལ་སྐོར་བཅས་གཉེར་རྒྱུ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་རིགས་ཁག་གི་འབབ་འཕར་རྣམ་གྲངས་བདམས་ནས་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་གི་ཡོད། ཉེ་བའི་ལོ་གཉིས་ནང་ལྗོངས་ཡོངས་ཀྱིས་དུད་སྦྲེལ་ཚན་པས་མཉམ་དུ་ཁག་ཐེག་བྱེད་པའི་བྱ་ཐབས་ཀྱི་ཐོག་ནས་འབོར་ཉུང་ཡིད་རྟོན་དངུལ་བུན་ཁག་ཁྲི་6དང་སྒོར་དུང་ཕྱུར་12ལྷག་ཙམ་བཏང་བས་དཔལ་འབྱོར་རྩ་འཛུགས་དང་དཔལ་འབྱོར་ཚན་པ་ཁག་4400ལྷག་ཙམ་མང་དུ་སོང་བ་དང་མི་གྲངས་ཁྲི་23.5ཕྱུག་འགྱུར་སྣེ་ཁྲིད་ཐུབ་ཡོད།

    གཉིས་ལྡན་དུད་སྦྲེལ་གྱི་གཏོད་འཛུགས་ལས་དོན་གྱིས་དུས་བདེ་ཡིན་པའི་དམངས་འཚོར་འགན་བཅོལ་གསར་པ་ལྟ་བུ་ཞིག་བྱུང་།

    ཉེ་བའི་ལོ་གཉིས་རིང་ལྗོངས་ཡོངས་ཀྱི་དུད་སྦྲེལ་ཚན་པས་རིམ་རྩིས་ལྟར་ན་འགལ་ཟླ་དང་རྩོད་གཞི་ཁྲི་1.8ལྷག་ཙམ་གྲལ་བཤེར་དང་སེལ་བ་དང་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་ཁྲི་1.6བསལ།

    གཙོ་གནད་མངོན་གསལ་དོད་པོ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་ལ་སྐུལ་མ་གཏིང་ཟབ་གཏོང་བ།

    “འབྱོར་འབྲིང་དུ་སླེབས་ཡོད་མེད་ཡུལ་མི་སྤུན་ཟླ་ཚོར་ལྟ་དགོས”

    བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་ཕོངས་ས་ཁུལ་གཅིག་པུ་དེ་ཡིན་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་དམངས་འཚོ་ལེགས་སུ་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་གཙོ་གནད་དང་དབུལ་ཕོངས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་མ་གཏོང་རྒྱུ་སྲོག་ཤིང་དུ་བྱས་ནས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”མཐའ་འཁྱོངས་བྱས་ནས་2011ལོ་ནས་2014ལོ་བར་ཁྱོན་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་46.7བཀོད་སྒྲིག་བྱས་པ་དང་ལོ་4ཡི་མ་འཇོག་དེ་དེ་གོང་ལོ་10ཡི་མ་འཇོག་སྤྱི་འབོར་ལས་བརྒལ་ཏེ་དབུལ་སྐྱོར་གསར་སྤེལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

    དབུལ་སྐྱོར་བྱ་ཡུལ་གྱི་འབབ་འཕར་བརྟན་པོའི་རང་བཞིན་འགན་ལེན་བྱ་ཆེད་བོད་ཀྱིས་ཐོན་ལས་དབུལ་སྐྱོར་དེ་གཙོ་གནད་དུ་བརྩིས་ནས་ཞུགས་པའི་རྣམ་པའི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དེ་ཆར་ཤུལ་གྱི་མྱུ་གུ་འབུས་པ་བཞིན་བོད་ཀྱི་རྫོང་ཁག་དང་གྲོང་ཚོ་ཁག་ཏུ་བཙུགས་ཏེ“སྣེ་གདོང་རྫོང་སྐྱེད་པ་ཤང་གི་ཤིན་ལུང་བྱེ་རྡོ་བཟོ་གྲྭ”དང་། གྲ་ནང་རྫོང་གྲ་ཕྱི་ཤང་དཔལ་འབྱོར་མི་སྒེར་གྱི་སྡོང་ཕྲུག་རྟེན་གཞི” “གྲ་ནང་རྫོང་ཤིང་བརྐོས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང”སོགས་དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་གྱི་ཆེད་ལས་མཉམ་ལས་ཁང་ཁག་གཅིག་ཐོན་ཡོད། མིག་སྔར་ལྗོངས་ཡོངས་སུ་ཁས་ལེན་བྱེད་པའི་དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས་30དང་། རོགས་སྐྱོར་ཆེད་ལས་མཉམ་ལས་རྩ་འཛུགས་180ཡོད་པས་ཁྱད་ལྡན་གྱི་འདེབས་འཛུགས་གསོ་སྤེལ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན། ཁྱད་ལྡན་འཛུགས་སྐྲུན་རྒྱུ་ཆ། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་རྟེན་གཞི་རགས་ཙམ་བསྐྲུན་ཏེ་དབུལ་ཕོངས་ས་ཁུལ་གྱི་ནང་གནས་སྒུལ་ཤུགས་དང་རང་འཕེལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མང་ཚོགས་དབུལ་པོའི་འབབ་འཕར་བརྟན་པོ་ཡོང་ཆེད་རྨང་གཞི་བཏིང་།

    “དྲོད་ཁང་1ལ་ཞིང་ཁ་མུའུ་བཅུ་ཡོད་པ་དང་ལོ་གཅིག་དུས་བཞི་ཚང་མར་ཡོང་འབབ་ཡོད”ཅེས་སྒང་བདེ་གླིང་གྲོང་ཚོའི་གྲོང་མིས་སྒྲིག་བཀོད་ཞིང་ལས་ལས་བྱུང་བའི་ཕན་འབྲས་ཚོར་བ་དང་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ལོའི་ཡོང་འབབ་དེ་2004ལོའི་སྒོར་2600ལྷག་ཙམ་ནས་2014ལོའི་སྒོར་ཁྲི་3ལྷག་ཙམ་བར་མང་དུ་ཕྱིན།

    དྲོད་ཁང་ཆེན་པོ་རེ་རེའི་ནང་རྒྱ་སེ་མེ་ཏོག་གི་དྲི་ཞིམ་འཐུལ་བ་དང་། “ང་མ་བརྗེད”ཅེས་པའི་མེ་ཏོག་རྣམ་པར་བཀྲ་བ་དེ་ནི་ཕྱུག་འགྱུར་གྱི་མེ་ཏོག་དང་བདེ་སྐྱིད་ཀྱི་མེ་ཏོག་ལགས། དེང་གི་བོད་དུ་གང་སར་མེ་ཏོག་དྲི་ཞིམ་འཐུལ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།