[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་གསོ།
  • ​ ལོ་50ཡི་རིང་གི་འཕེལ་རྒྱས་ཁྲོད་བོད་མི་དམངས་ལ་སློབ་གསོའི་ཕན་བདེ་ཡོངས་སུ་ལོངས་སྤྱོད་ཐུབ་པ་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཁྲེན་གྱིས།    |    སྤེལ་དུས།   2015-08-23

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་དེང་རབས་སློབ་གསོ་དེ་ཉིད་གངས་ལྗོངས་ས་མཐོར་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེར་སོང་ཡོད། སློབ་ཞུགས་གོང་གི་གསོ་སྐྱོང་ནས་རབ་འབྱམས་པ་དང་འབུམ་རམས་ཞིབ་འཇུག་སློབ་མའི་བར་གྱི་ཟབ་སྦྱོང་དང་། བོད་ཀྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དམིགས་བསལ་སློབ་གསོ་དང་། རྒྱུན་མཐུད་སློབ་གསོ། ལས་རིགས་ལག་རྩལ་གསོ་སྐྱོང་བཅས་ཚུད་པའི་ཅུང་འཐུས་ཚང་གི་དེང་རབས་སློབ་གསོའི་མ་ལག་བཙུགས་པས་བོད་ཀྱི་མི་དམངས་ཚོས་སློབ་གསོའི་ཕན་བདེ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

    ལོ་15ཡི་རིང་རིན་མེད་སློབ་གསོའི་མ་ལག་སྔོན་ལ་བཙུགས་པ།

    འདི་ལོ་ལོ་11ལ་སོན་པའི་བསམ་གྲུབ་ཚེ་དབང་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་300ལྷག་ཙམ་ཆོད་པའི་ནག་ཆུ་ས་ཁུལ་སློབ་ཆུང་གི་ལོ་རིམ་བཞི་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། བུ་དེའི་བསམ་བློ་གཏོང་སྟངས་དེ་མེས་པོ་ཚོ་དང་གཏན་ནས་གཅིག་པ་མིན། “རི་གྲོང་ནས་ཁ་བྲལ་ཏེ་སློབ་ཆེན་ཐོན་པ་བྱས་ནས་ཚན་རིག་མཁས་ཅན་ཞིག་བྱེད་འདོད”པ་དེ་མེས་པོ་ཚོས་བསམ་བློ་ཡང་འཁོར་མི་ཕོད་པའི་ཕུགས་བསམ་ཁོ་པའི་སེམས་ནང་རིམ་གྱིས་ཆགས་པར་གྱུར།

    1951ལོར་བོད་ཀྱིས་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་ཆུང་དང་པོ་སྟེ་ཆབ་མདོ་སློབ་ཆུང་བཙུགས་པ་ནས་བཟུང་དེང་རབས་སློབ་གསོ་དེ་ཉིད་ས་མཐོར་སྤེལ་འགོ་ཚུགས་པ་མཚོན་ཡོད། མིག་སྔར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་1696ཡོད་པའི་ཁྲོད་སློབ་ཁྲིད་ས་ཚིགས་388ཐག་རིང་གྲོང་གསེབ་ཏུ་ཁྱབ་པ་དང་། འོས་འགན་སློབ་གསོ་ལེགས་སྒྲུབ་བྱས་རྗེས་ཕྲུ་གུ་ཚོར་རིགས་ཁག་དང་རིམ་པ་ཁག་གི་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་ཡོད།

    མིག་སྔར་རྒྱལ་ཡོངས་སུ་བོད་ཀྱིས་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གསོའི་དུས་མཚམས་ཀྱི་ལོ་15རིང་གི་རིན་མེད་སློབ་གསོའི་མ་ལག་སྔོན་ལ་བཙུགས་པ་དང་1985ལོར་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ“འགན་ལེན་གསུམ”“ཟ་སྡོད་དང་སློབ་ཡོན་འགན་གཙང”སྲིད་ཇུས་ལག་བསྟར་བྱས་ཚུན་བོད་དུ་ལོ་14བསྟུད་མར་“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་བཏང་ཡོད།

    ནང་སའི་བོད་ལྗོངས་འཛིན་གྲྭ་དེ་ཉིད་ཀྱིས་ས་མཐོ་དང་དེང་རབས་སློབ་གསོའི་བར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད།

    “ནང་སའི་བོད་ལྗོངས་འཛིན་གྲྭ་མེད་ཚེ་ང་ཐག་རིང་ལུང་ཁུག་དེ་ནས་ཚེ་གང་བསྐྱོད་པར་དཀའ”ལོ་30ཡི་གོང་གི་རང་ཉིད་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་གཡུ་ཐོག་གྲོང་ཚོའི་ཕྱུགས་འཚོ་བ་ཞིག་ཡིན་ཞེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུད་ཀྱི་ཆེད་འགན་ཧྲུའུ་ཅི་གཞོན་པ་ཚེ་ཕུན་གྱིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

    1985ལོར་བོད་ཀྱི་ཤེས་ལྡན་པ་དཀོན་པ་དང་སློབ་གསོའི་རྨང་གཞི་བལྟོས་བཅས་ཀྱིས་ཞན་པའི་དོན་དངོས་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་16གིས་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)ཐེངས་དང་པོ་གཉེར་བ་དང་། བོད་རིགས་ཀྱིས་གཙོས་པའི་བོད་ཀྱི་སློབ་ཆུང་སློབ་ཐོན་སློབ་མ་ཁག་དང་པོ་ནང་སར་སློབ་སྦྱོང་བྱེད་པར་བཏང་ནས་སློབ་གསོ་གཏོང་སྟངས་གསར་པ་ཞིག་བཏོད་ཡོད།

    སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དང་སྔོན་ཐོན་གྱི་སློབ་གསོ་གཏོང་སྟངས་ཡོད་སྟབས་ནང་སའི་བོད་ལྗོངས་འཛིན་གྲྭ་དེ་ཉིད་བོད་རིགས་སློབ་མ་མི་ཉུང་བ་ཞིག་གི་ཐོག་མའི་གདམ་གར་གྱུར་ཅིང་། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་21ཏུ་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)དང་འབྲིང་རིམ་ལས་རིགས་སློབ་གྲྭ་བཙུགས་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2.69ཟིན་པ་དེ་དག་དམའ་འབྲིང་དང་། མཐོ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ལ་ཁྱབ་པ་དང་། རིམ་རྩིས་བྱས་ན་སློབ་མ་མི་ཐེངས་ཁྲི་10.77བསྡུས་ནས་བོད་ལ་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་ཤེས་ལྡན་མི་སྣ་ཁྲི་3.2ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    ཉིན་བཞིན་ཇེ་ཆེར་འགྲོ་བའི་སློབ་གསོའི་དགོས་མཁོ་སྐོང་ཆེད་ཅང་སུའུ་དང་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་ནང་སའི་ཕུལ་བྱུང་དགེ་རྒན་བོད་དུ་བཏང་བ་དང་འབྲེལ་བོད་སྐྱོར་མ་དངུལ་སྤྱད་དེ་བོད་དུ་བོད་ནས་ཐོན་མི་དགོས་པའི“ནང་སའི་བོད་ལྗོངས་འཛིན་གྲྭ”བསྐྲུན་པ་རེད།

    ལྷ་ས་གྲོང་ཁྱེར་དུ་གནས་པའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་སྐྱོད་སྐབས་རྒྱ་ཁྱོན་མུའུ་214ཟིན་པའི་དེང་རབས་ཅན་གྱི་སློབ་གྲྭར་སློབ་ཕྲུག་གི་ཉལ་ཁང་དང་། ཟ་ཁང་། འཁྲུད་ཁང་། ཕྱོགས་བསྡུས་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་བཅས་ཡོད། “ཅང་སུའུ་ལྟ་བུའི་སློབ་གསོ་དར་རྒྱས་ཆེ་བའི་ཞིང་ཆེན་དུའང་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཁྲེགས་ཆས་སྒྲིག་བཀོད་དང་འཛུགས་སྐྲུན་གྱི་གཞི་ཁྱོན་དེ་ལྟ་བུ་ཉུང་ཉུང་ཡིན” ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་ཞའོ་ཀྲང་ལི་མིན་ཧྲེང་གིས་གསར་འགོད་པར“སློབ་གསོའི་ཆུ་ཚད་དེ་བས་ལེགས་པའི་སྒོ་ནས་མཐོ་རུ་གཏོང་ཆེད་ཅང་སུའུ་ཡིས་ཕུལ་བྱུང་དགེ་རྒན་ཁག་གཅིག་བོད་དུ་འདེམས་གཏོང་བྱས་པ་དང་། མཉེན་ཆས་དང་མཁྲེགས་ཆས་ཐད་ནུས་ཤུགས་ཆེན་པོ་བཏོན་ནས་བོད་རིགས་སློབ་ཕྲུག་2000ལྷག་ཙམ་ལ་སློབ་གསོ་སྤུས་ལེགས་མཁོ་འདོན་བྱས་ཡོད”ཅེས་ཤོད་ཀྱི་འདུག

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ།

    བོད་རྙིང་པར་མི་འབོར་གྱི་95%ཡན་ཟིན་པའི་ཞིང་འབྲོག་པར་དངོས་གཞིའི་སློབ་གསོ་དཀོན་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཉིན་རེ་བཞིན་ཉམས་རྒུད་དུ་ཕྱིན་ཁར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཡུན་རིང་རྗེས་ལུས་ཀྱི་གནས་སུ་གྱར་ཡོད། ལོ་50རིང་བོད་ཀྱིས་མི་རིགས་ཀྱི་ལས་བྱེད་པ་དང་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་གཙོ་བོར་བྱེད་པའི་དེང་རབས་སློབ་གསོ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་བོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཆེད་དུ་ཤེས་ལྡན་པ་དང་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་འབོར་ཆེན་གསོ་སྐྱོང་བྱས་ཡོད།

    གྲངས་གཞིའི་ཐོག་ནས་མངོན་པར། མིག་སྔར་བོད་ཡོངས་སུ་སློབ་ཆུང་དུ་སློབ་མ་ཞུགས་ཚད་99.6%ཟིན་པ་དང་། དམའ་འབྲིང་དུ་སློབ་གྲྭར་ཞུགས་ཚད་98.9%ཟིན་ཡོད། དེའི་ནང་ནས་མི་ཁྲི་10རེའི་ནང་དུ་སློབ་འབྲིང་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་གྲངས་2700ལྷག་ཙམ་ཟིན་པ་དང་། ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ཐོན་ཁུངས་བསྡོམས་འབོར་མི་ཁྲི་30ཙམ་ཟིན་ཞིང་། མི་དམངས་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་གིས་གཙོ་བོ་བྱས་པ་དང་རིགས་ཁག་གི་སློབ་གསོ་ཕན་ཚུན་འབྲེལ་མཐུད་བྱེད་པའི་དེང་རབས་ཀྱི་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་ལྡན་སྟབས་མིག་སྔར་བོད་ཡོངས་ཀྱི་བོད་རིགས་གཞུང་ཞབས་པ་དང་ལས་བཟོ་80%ཡན་ཚང་མས་བོད་རྒྱ་སྐད་ཡིག་གཉིས་སྤྱོད་ཐུབ་ཀྱི་ཡོད། ཞིང་འབྲོག་ཁུལ་འགའ་ཞིག་ཏུ་བོད་རྒྱ་སྐད་ཡིག་གཉིས་ཤེས་པའི་ཞིང་འབྲོག་པ་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་འགྱུར་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།