[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་གསོ།
  • ​སྐལ་བཟང་སྒྲོལ་དཀར་དང་བློ་བཟང་རིག་འཛིན་གྱིས་གཅེས་སེམས་དམིགས་བསལ་སློབ་གསོར་བཅངས།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-08-21

    སྔོན་འགྲོའི་གཏམ།

    1999ལོར་སྐལ་བཟང་སྒྲོལ་དཀར་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་ཁག་དང་པོར་གྱུར་བ་ནས་བཟུང་དམིགས་བསལ་སློབ་གསོའི་བྱ་གཞག་ལ་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྐྱེས་ཕུལ་ཡོད། ལོ་16གི་སློབ་ཁྲིད་དུས་ཡུན་ནང་ཁོང་གིས་ཏང་གི་སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་རང་འཁྲིའི་ལས་དོན་ལ་དགའ་ཞེན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཕུལ་བྱུང་དགེ་རྒན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་བཏོན་པ་དང་། སྤྱིར་བཏང་གི་ལས་གནས་ཐོག་འབད་འཐབ་བྱས་སྟབས་སློབ་མས་དགའ་པོ་བྱེད་པ་དང་། ཁྱིམ་བདག་གི་ཡིད་ཆེས་ཐོབ་པ། ལས་རོགས་དང་འགོ་ཁྲིད་ཀྱི་ཁས་ལེན་ཡང་ཐོབ་ཡོད། ཁོང་གི་བཟའ་ཟླ་བློ་བཟང་རིག་འཛིན་ནི་2012ལོར་དམིགས་བསལ་སློབ་གསོའི་སློབ་གྲྭའི་རི་མོའི་དགེ་རྒན་ལ་གདན་ཞུ་བྱས།

    ཁོང་གཉིས་པོ་2010ལོར་གཉེན་སྒྲིག་བྱས་པ་ནས་བཟུང་། ལས་ཀ་དང་འཚོ་བའི་ཁྲོད་ཕན་ཚུན་རོགས་རམ་དང་། ཕན་ཚུན་ལྟ་རྟོག སྐྱིད་སྡུག་མཉམ་མྱོང་བཅས་བྱས་པས་བརྩེ་སེམས་ཟབ་མོ་ཆགས་ཏེ་ཞི་མཐུན་དང་བདེ་ སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན། 2015ལོར་སྐལ་བཟང་སྒྲོལ་དཀར་དང་བློ་བཟང་རིག་འཛིན་གྱི་ཁྱིམ་ཚང་ལ་རང་ལྗོངས་ ཀྱི“ཁྱིམ་ཚང་ཡག་ཤོས”ཀྱི་མཚན་སྙན་ཐོབ།

    ལོ་བཅུ་དྲུག་རིང་དམིགས་བསལ་སློབ་གྲྭའི་དགེ་རྒན་སྐལ་བཟང་སྒྲོལ་དཀར་གྱིས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་དེ་སྤྱིར་བཏང་གི་ལས་གནས་ཐོག་ཕུལ་ནས་གཅེས་སེམས་དང་། ངང་རྒྱུད། སེམས་ནུས་སོགས་དམིགས་བསལ་ཕྲུ་གུའི་ཐོག་བཞག་སྟེ་ཁོང་ཚོ་སྦྲང་ཆར་ཁྲོད་འཚར་ལོངས་ཡོང་བ་བྱས།

    ད་ཆ་སྐལ་བཟང་སྒྲོལ་དཀར་གྱིས་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་དང་དཔུང་པ་མཉམ་གཤིབ་བྱེད་མཁན་བཟའ་ཟླ་བློ་བཟང་རིག་འཛིན་ཡོད་ཅིང་། 2010ལོར་ཁོང་གཉིས་གཉེན་སྒྲིག་བྱས་ཚུན་འཚོ་བའི་ཁྲོད་ཕན་ཚུན་ལྟ་རྟོག་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བཙུགས་པ་མ་ཟད། ལས་དོན་སྒྲུབ་སྐབས་ཁོང་གཉིས་ཀྱིས་ཕན་ཚུན་རོགས་རམ་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ་རང་ཉིད་ཀྱི་གཅེས་སེམས་དམིགས་བསལ་གྱི་བྱ་གཞག་དང་ཕྲུ་གུ་ཚོར་ཕུལ་ཡོད།

    གནོང་འགྱོད་མེད་པའི་མི་ཚེའི་གདམ་ག་།

    སྐལ་བཟང་སྒྲོལ་དཀར་ནི་1980ལོའི་ཟླ་བ་གསུམ་པར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་སྐྱེས་པ་དང་ཆུང་དུས་ཀྱི་ཕུགས་བསམ་ནི་དགེ་རྒན་བྱ་རྒྱུ་དེ་རེད། སློབ་འབྲིང་ཐོན་རྗེས་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའི་སྐལ་བཟང་སྒྲོལ་དཀར་ལྷ་ས་དགེ་འོས་སློབ་གྲྭའི་བོད་ཡིག་ཚན་ཁག་ཏུ་རྒྱུགས་འཕྲོད་པ་དང་སློབ་གྲྭ་ཐོན་རྗེས་སློབ་གྲྭ་ཞིག་ཏུ་བོད་ཡིག་དགེ་རྒན་བྱེད་ཐུབ་རྒྱུ་ནི་ལོས་ཡིན།

    སློབ་གྲྭ་མ་ཐོན་གོང་གི་ལོ་དེར་སློབ་གྲྭའི་དགེ་རྒན་གྱིས་ཚང་མར་ལྷ་ས་གྲོང་ཁྱེར་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཅིག་འཛུགས་རྩིས་ཡོད། སློབ་གྲྭ་དེར་དགེ་རྒན་བྱེད་འདོད་མཁན་ཡོད་ན་མིང་ཐོ་འགོད་པར་ཤོག པེ་ཅིང་དུ་གསོ་སྦྱོང་ལོ་གཅིག་བྱས་རྗེས་ཕ་ཡུལ་དུ་ལོག་ནས་དམིགས་བསལ་སློབ་གྲྭའི་དགེ་རྒན་ཞིག་བྱེད་ཐུབ་ཅེས་བཤད།

    “པེ་ཅིང་དུ་དངུལ་སྤྲོད་མི་དགོས་པར་གནམ་གྲུར་བསྡད་ཆོག་པ་མ་ཟད། རྒྱལ་ས་ཡང་མཐོང་ཐུབ”ཅེས་སློབ་གྲོགས་ཚོའི་སྐུལ་ལྕག་འོག་ནང་སར་སྐྱོད་མྱོང་མེད་པ་དང་གནམ་གྲུར་སྡོད་མྱོང་མེད་པའི་སྐལ་བཟང་སྒྲོལ་དཀར་གྱིས་སློབ་གྲོགས་ཚོའི་སྐད་ཆ་ཉན་ནས་སློབ་གྲོགས་གཞན་དྲུག་དང་མཉམ་དུ་མིང་ཐོ་བཀོད་ནས་པེ་ཅིང་དུ་གསོ་སྦྱོང་བྱེད་པར་བསྐྱོད།

    གསོ་སྦྱོང་བྱ་ཡུལ་སློབ་གྲྭར་སློབ་སྦྱོང་བྱེད་རིང་དམིགས་བསལ་བྱིས་པ་རྣམས་ཀྱི་རེ་སྒུག་གི་མིག་ཟུང་དག་མཐོང་སྐབས་དམིགས་བསལ་སློབ་གསོའི་བྱ་གཞག་བསྒྲུབ་རྒྱུའི་ཁོང་གི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན།

    དམིགས་བསལ་སློབ་གྲྭ་ཐོག་མར་འཛུགས་སྐབས། སློབ་ཚན་དང་སློབ་ཁྲིད་ཀྱི་ཐབས་ཤེས་ཐད་འཚོལ་ཞིབ་བྱེད་པའི་དུས་མཚམས་ཡིན་པར་བརྟེན། སྐལ་བཟང་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་བྱ་བ་གསར་པ་ཞིག་རེད། དང་ཐོག་སློབ་ཁྲིད་སྟེགས་བུའི་ཐོག་འཛེགས་སྐབས་སྐལ་བཟང་སྒྲོལ་དཀར་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སློབ་ཚན་འཁྲིད་ཀྱང་སློབ་མ་ཚོས་དེ་ཙམ་གོ་ཐུབ་ཀྱི་མེད་པས་ཁོང་ག་བྱེད་འདི་བྱེད་མེད་པར་གྱུར།

    ཐོག་མར་སློབ་གྲྭར་འབྱོར་སྐབས་ཕྲུ་གུ་མང་པོ་ཞིག་སྒྲ་མ་ཐོས་པ་དང་གཟུགས་མ་མཐོང་བའི་འཇིག་རྟེན་ཁྲོད་གནས་ཤིང་། དགེ་རྒན་ཚོས་རྒྱུན་ཆད་མེད་པར་སྦྱོང་བརྡར་སྤྲས་པ་བརྒྱུད་ཕྲུ་གུ་འོན་ལྐུགས་ཚོས་མི་གཞན་དང་སྐད་ཆ་ཤོད་ཤེས་པ་མ་ཟད། ཕྲུ་གུ་ལོང་བ་ཚོས་ཀྱང་ལོང་ཡིག་ཀློག་ཤེས་པ་དང་འབྲི་ཤེས་པར་གྱུར། ཡ་ང་བའི་ཕྲུ་གུ་དེ་དག་གིས་སྐད་ཆ་ཤོད་ཐུབ་ཆེད་སྐལ་བཟང་སྒྲོལ་དཀར་གྱིས་ཁོང་ཚོར་སྐད་འཛེར་འཛེར་གྱིས་སློབ་ཁྲིད་བྱས་པར་བརྟེན་རྒྱུན་དུ་མགྲིན་པ་ན་བའི་ཐོག་ད་དུང་རྐང་འཁྲབ་ལག་འཁྲབ་ཀྱིས་ལག་པ་དང་རྐང་པར་ཡང་ན་ཟུག་བཏང་།

    “ཆ་རྐྱེན་ཞན་ཙམ་དང་སློབ་ཁྲིད་ཐད་དཀའ་ངལ་ཆེ་ཙམ་ཡོད་ཀྱང་ཕྲུ་གུ་ཚོ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བ་མཐོང་སྐབས་ང་ཚོའི་སེམས་ནང་དགའ་ཚོར་ཡོང་གི་འདུག ད་ཆ་སློབ་གྲྭའི་ནང་གི་སློབ་མའི་མི་གྲངས་དེ་ཐོག་མའི་སློབ་མ་7ནས་200ཙམ་བར་མང་དུ་ཕྱིན་ཡོད། ཁག་དང་པོར་བསྡུས་པའི་སློབ་མའི་ནང་འདི་ལོ་སློབ་ཆེན་ཐོན་མཁན་4ཡོད་པ་དེ་དག་ལྗོངས་ཡོངས་ཀྱི་གཞུང་ཞབས་པའི་རྒྱུགས་སྤྲོད་ནང་ཞུགས་ནས་ལས་གནས་དང་མི་ཚེ་གསར་པའི་ཕྱོགས་སུ་སྐྱོད་རྒྱུ་ཡིན་པ་རེད”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།

    འགྱུར་དུ་མེད་པའི་བརྩེ་དུང་གི་དམ་བཅའ་།

    སློབ་གྲྭ་ཐོན་རྗེས་སྐལ་བཟང་སྒྲོལ་དཀར་གྱི་སློབ་གྲོགས་ཚོ་དགའ་རོགས་སྒྲིག་པ་དང་། ཕྲུ་གུ་སྐྱེ་བ། ཁྱིམ་ཚང་ཟིན་པ་བཅས་བྱས་ནས་ལོ་མང་འདས་ནའང་སྐལ་བཟང་སྒྲོལ་དཀར་སྔར་རྒྱུན་བཞིན་ཁེར་རྐྱང་ཡིན། “ཁྱེད་ཚོའི་སློབ་གྲྭར་གཉེན་སྒྲིག་བྱེད་ཆོག་གི་མེད་དམ”ཞེས་སློབ་གྲོགས་ཚོས་ཡ་མཚན་ངང་དྲིས། “མ་རེད། ཉིན་ལྟར་ལས་བྲེལ་ཆེ་བས་གནད་དོན་དེ་རིགས་ལ་བསམ་བློ་གཏོང་ཁོམ་མི་འདུག ཕྲུ་གུ་ཚོ་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་རིང་བས་ཁོ་ཚོ་ནི་ངའི་ཕྲུ་གུ་ལྟ་བུ་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་གད་མོ་དགོད་བཞིན་དུ་དེ་ལྟར་བཤད།

    2003ལོར་སྐལ་བཟང་སྒྲོལ་དཀར་དང་གྲོགས་པོ་ཚོ་མཉམ་འཛོམས་བྱེད་པའི་སྐབས་སུ་ད་ལྟའི་བཟའ་ཟླ་བློ་བཟང་རིག་འཛིན་ངོ་ཤེས། བློ་བཟང་རིག་འཛིན་གྱིས་སྐལ་བཟང་སྒྲོལ་དཀར་ནི་དམིགས་བསལ་སློབ་གྲྭའི་དགེ་རྒན་ཡིན་པ་དང་སེམས་རྩ་འཁོལ་ལ་གཅེས་སེམས་ལྡན་པ་ཞིག་ཡོད་པ་ཐོས་སྐབས་ཁོ་མོར་གུས་བཀུར་དང་དགའ་སེམས་ཞིག་ངང་གིས་སྐྱེས།

    ཕན་ཚུན་ངོ་ཤེས་པའི་བརྒྱུད་རིམ་ནང་བློ་བཟང་རིག་འཛིན་གྱི་མིག་ནང་སྐལ་བཟང་སྒྲོལ་དཀར་ནི་ཁ་ཐག་ཤང་པོ་དང་སེམས་པ་བཟང་པོ་ཞིག་ཡོད་པ་མཐོང་ནས་མོ་ནི་རང་ཉིད་ཀྱིས་ཡུན་རིང་བསྒུགས་པའི་བུ་མོ་དེར་བརྩིས་ཏེ་རིམ་གྱིས་སྐལ་བཟང་སྒྲོལ་དཀར་ཉེ་འགྲམ་གྱི་དམིགས་བསལ་ཕྲུ་གུ་དེ་དག་ལ་ཡང་དགའ་སེམས་སྐྱེས། ལོ་7སོང་རྗེས་བློ་བཟང་རིག་འཛིན་གྱི་ལྷག་བསམ་ཟོལ་མེད་དང་རྒྱུན་འཁྱོངས་ལ་སྐལ་བཟང་སྒྲོལ་དཀར་སེམས་འགུལ་ཐེབས་ནས་ཁོང་དང་གཉེན་སྒྲིག་བྱས། གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བར་སྐལ་བཟང་སྒྲོལ་དཀར་ལ་བུ་མོ་ཞིག་བཙས་ཏེ་ཁོང་གཉིས་ཀྱི་འཚོ་བར་དེ་བས་བདེ་སྐྱིད་ཀྱི་སྤྲོ་སྣང་གསར་པ་ཞིག་སྦྱིན།

    ལྷད་དང་བྲལ་བའི་གཞན་ཕན་གྱི་གཅེས་སེམས་།

    དམིགས་བསལ་སློབ་གྲྭའི་སློབ་མ་ནི་སྤྱི་ཚོགས་ཁྲོད་ཀྱི་དམིགས་བསལ་ཚོགས་པ་ཞིག་ཡིན་པ་དང་གཟུགས་པོའི་འགོག་རྐྱེན་གྱིས་ཁོང་ཚོའི་འཚར་ལོངས་ལ་དཀའ་ངལ་མང་པོ་འཕྲད་པ་དང་། ཁོང་ཚོ་ནར་སོན་པ་དང་ཤེས་ལྡན་པར་གྱུར་བའི་སློབ་གསོ་གཏོང་བར་སྤྱིར་བཏང་མིས་བསམ་ཤེས་བྱེད་ཐབས་བྲལ་བའི་དཀའ་ཚེགས་ཆེན་པོ་ཁྱད་གསོད་བྱེད་དགོས།

    ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡིན་པ་དང་། ཁོང་ཚོའི་ཁྱིམ་ཚང་ཆ་རྐྱེན་ཞན་པའི་ཁར་གཉེན་ཉེའི་ཐུགས་ཁུར་ལྟ་རྟོག་དང་བྲལ་བས། དམིགས་བསལ་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་སྐལ་བཟང་སྒྲོལ་དཀར་གྱིས་ཕྲུ་གུ་དེ་དག་ལ་ཨ་མ་ལས་ལྷག་པའི་བརྩེ་སེམས་བཅངས་ཡོད། ཕྲུ་གུ་ཚོའི་གྱོན་གོས་རལ་ཚེ་ཁོང་གིས་ལྷན་པ་རྒྱག་པ་དང་། ཕྲུ་གུ་ཚོ་ན་ཚེ་ཁོང་གིས་སྨན་ཁང་དུ་བསྐྱལ་ནས་སྨན་རིན་སྤྲོད་པ། གུང་གསེང་བཞག་སྐབས་ཁོང་གིས་ཕྲུ་གུ་ཚོར་རླངས་འཁོར་སྤ་སེ་ཉོས་ནས་ཁོང་ཚོ་རླངས་འཁོར་བབ་ཚུགས་སུ་སྐྱེལ་བ། ཕྲུ་གུ་ཚོ་སེམས་སྡུག་སྐབས་ཁོང་ཚོར་སེམས་གསོ་གཏོང་གང་ཐུབ་བཅས་བྱེད་ཀྱི་ཡོད། བྱ་བ་ཆུང་ཙག་ཁྲོད་ནས་སློབ་ཕྲུག་ཚོས་སྐལ་བཟང་སྒྲོལ་དཀར་གཅེན་མོ་དང་ཐ་ན་ཨ་མར་བརྩི་གི་ཡོད།

    ད་ཆ་སྐལ་བཟང་སྒྲོལ་དཀར་གྱི་་ཕུགས་འདུན་འགྲུབ་པའི་ལམ་བུར་རང་ཉིད་དང་ཐུན་མོང་ཐོག་འབད་འཐབ་བྱེད་མཁན་ཞིག་སྟེ། བཟའ་ཟླ་བློ་བཟང་རིག་འཛིན་ཡོད། ཁོང་གཉིས་2010ལོར་གཉེན་སྒྲིག་བྱས་པ་ནས་བཟུང་། འཚོ་བའི་ཁྲོད་ཕན་ཚུན་ལྟ་རྟོག་དང་སྐྱིད་སྡུག་མཉམ་མྱོང་གིས་ཞི་མཐུན་དང་། བདེ་སྐྱིད་ལྡན་པ། ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱིམ་ཚང་ཞིག་བཙུགས་ཡོད། ལས་ཀའི་ཁྲོད་ཕན་ཚུན་རོགས་རམ་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ་བརྩེ་སེམས་གང་ཡོད་དམིགས་བསལ་སློབ་གྲྭའི་བྱ་གཞག་ལ་ཕུལ་བ་དང་དམིགས་བསལ་གྱི་གཅེས་སེམས་དམིགས་བསལ་ཚོགས་པའི་ཕྲུ་གུ་ཚོར་བཅངས་ཡོད།

    གཉེན་སྒྲིག་མ་བྱས་གོང་བློ་བཟང་རིག་འཛིན་བོད་ཀྱི་ས་གནས་ཁག་ཏུ་ཐང་ག་དང་ལྡེབས་རིས་འབྲི་བར་བསྐྱོད་ནས་གཏན་འཇགས་ལས་ཀ་མེད་སྟབས་ཁྱིམ་གྱི་འཚོ་བར་སྟབས་བདེ་མེད། སྐལ་བཟང་སྒྲོལ་དཀར་དང་བུ་མོ་དང་དེ་བཞིན་རྒན་རྒོན་ལ་དེ་བས་ལེགས་པའི་སྒོ་ནས་ལྟ་རྟོག་བྱ་ཆེད། བློ་བཟང་རིག་འཛིན་གྱིས་ཡོང་འབབ་མཐོ་བའི་ལས་ཀ་བསྐྱུར་ཏེ་2012ལོར་དམིགས་བསལ་སློབ་གྲྭའི་ལས་རིགས་སློབ་གསོ་པུར་རི་མོའི་དགེ་རྒན་བྱས་ནས་བཟའ་ཚང་གཉིས་པོ་གཅིག་སེམས་གཅིག་མཐུན་གྱིས་ལྷད་མེད་བརྩེ་སེམས་སློབ་ཕྲུག་ཚོའི་སེམས་ཀྱི་ཞིང་སར་སྟོར།

    སློབ་གསོའི་ལས་དོན་ལ་ཞུགས་མ་ཐག་བློ་བཟང་རིག་འཛིན་གྱིས་རང་ཉིད་ཀྱི་ལག་བརྡ་ཡག་པོ་མི་ཤེས་པས་ཕྲུ་གུ་ཚོ་དང་སྤེལ་རེས་བདེ་བླག་བྱེད་མི་ཐུབ་པའི་སེམས་ཁྲལ་སྐྱེས་ཏེ་རྒྱུན་དུ་སྐལ་བཟང་སྒྲོལ་དཀར་འབོད་ནས་རང་ཉིད་ལ་སློབ་ཁྲིད་བྱེད་རོགས་བྱེད་དུ་བཅུག་པ་མ་ཟད། ཁྱིམ་དུ་ལོག་རྗེས་ཁེངས་སྐྱུངས་ངང་བཟའ་ཟླའི་ས་ནས་ལག་བརྡའི་ཤེས་བྱ་སློབ་སྦྱོང་བྱས།

    བློ་བཟང་རིག་འཛིན་གྱི་ལག་བརྡར་ཡར་རྒྱས་ཆེན་པོ་ཕྱིན་ནས་མགྱོགས་མྱུར་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་ཐུབ་པ་དང་། ཕྲུ་གུ་ཚོར་ཡང་སློབ་གྲྭའི་ནང་གཅེན་པོའམ་ཡང་ན་པ་ཕ་གཅིག་མང་དུ་ཕྱིན་པའི་ཚོར་སྣང་བྱུང་།

    ལོ་མང་གི་སློབ་གསོའི་ལས་དོན་ཁྲོད་སྐལ་བཟང་སྒྲོལ་དཀར་གྱིས་གོམ་པ་རེ་རེ་བཞིན་སྤོས་ནས་ཡོང་བ་དང་། དཀའ་ཚེགས་ཆེན་པོ་ཡོད་རུང་དོན་སྙིང་ལྡན་པ་ཞིག་ཡོད་པས་འགྱོད་པ་སྐྱེ་མྱོང་མེད། ཁོང་གིས་སེམས་ཁུར་ཆེས་མཁོ་བའི་དབང་པོ་སྐྱོན་ཅན་བྱིས་པར་བརྩེ་སེམས་བཅངས་པ་དང་། འཆར་ཡན་ལྡན་པའི་ལང་ཚོའི་དུས་ཚོད་སྒེར་སེམས་མེད་པར་དམིགས་བསལ་སློབ་གྲྭའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་ནས་རང་ཉིད་ཀྱི་གདམ་གར་གནོད་འགྱོད་གཏན་ནས་བྱེད་མྱོང་མེད། ཟླ་རེར་གླ་ཕོགས་སྒོར་2000ལས་མེད་རུང་བློ་བཟང་རིག་འཛིན་གྱིས་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་འབད་འཐབ་བྱས་པར་གནོང་འགྱོད་སྐྱེ་མྱོང་མེད་པར་དེ་ལས་ལྡོག་སྟེ་མི་ཚེར་དེ་བས་མང་བའི་བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་ཚོར་སྣང་བྱུང་།

    བརྩེ་སེམས་དེ་ལས་དམིགས་བསལ་སློབ་གསོའི་ལམ་བུའི་ཐོག་ཁོང་གཉིས་ཀྱིས་དེ་བས་བརྟན་པའི་སྒོ་ནས་མདུན་སྐྱོད་བྱེད་སྲིད་པ་ང་ཚོར་ཡིད་ཆེས་ཡོད།

    སྐལ་བཟང་སྒྲོལ་དཀར་དང་སློབ་ཕྲུག་ཚོ་མཉམ་དུ་རྩེད་མོར་རོལ་བ།

    སྐལ་བཟང་སྒྲོལ་དཀར་གྱིས་སློབ་ཚན་ཐོག་སློབ་ཕྲུག་ཚོར་ལག་བརྡ་སློབ་བཞིན་པ།

    སྐལ་བཟང་སྒྲོལ་དཀར་དང་བློ་བཟང་རིག་འཛིན་དེ་བཞིན་ཁོང་ཚོའི་བུ་མོ་བཅས་ཀྱི་དྲན་རྟེན་འདྲ་པར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།