[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>སློབ་གསོ།
  • དཔལ་མགོན་རྫོང་བལ་ལ་གྲོང་རྡལ།

    དཔལ་མགོན་མཚོ་འགྲམ་གྱི་ཐོ་རེངས་སྐར་ཆེན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-18

    197497_yis_1438316548888.jpg

    འདི་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སིས་སྐྲུན་རོགས་བྱས་པའི་དཔལ་མགོན་རྫོང་སློབ་ཆུང་དུ་ཕྲུ་གུ་ཚོས་སློབ་གསེང་སྐབས་གཟུགས་པོར་སྦྱོང་བརྡར་བྱེད་པའི་གནས་ཚུལ་ཡིན་པ།

    “མུ་མཐའ་མེད་པའི་རྩྭ་ཐང་དང་། ལྟ་ན་སྡུག་པའི་གངས་རི། ད་དུང་བབ་ཆགས་པའི་འབྲོག་པ་སོགས་ངས་ཚེ་གང་བརྗེད་པར་དཀའ། འབྲོག་ཕྲུག་གི་ངོ་གདོང་ལས་ཟོལ་ལྷད་མེད་པའི་འཛུམ་མདངས་འཕྱུར་བ་མཐོང་སྐབས། ངས་ཁོང་ཚོར་བྱ་བ་འགའ་ཞིག་བསྒྲུབ་དགོས་པའི་ཚོར་སྣང་བྱུང”ཞེས་པ་དེ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་འཛུགས་སྐྲུན་ཀུང་སི་བཅུ་པའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཝང་ཕུང་གཡན་གྱིས་དཔལ་མགོན་རྫོང་གི་འཆར་སྣང་སྐོར་གླེང་སྐབས་ང་ཚོར་བཤད་པ་ཞིག་ལགས།

    2013ལོའི་ཟླ་8ཚེས་5ཉིན་ཝང་ཕུང་གཡན་གྱིས་ཧྲན་ཏུང་ནས་ས་བབ་མཐོ་ཚད་སྤྱི་ཁྲེ་4750ཡོད་པའི་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱེད་པར་བསྐྱོད་ཅིང་། དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་བྱེད་འགོ་ཚུགས།

    དཔལ་མགོན་རྫོང་གི་ལྷོ་ལ་གནམ་མཚོ་དང་ལྷ་ས་གྲོང་ཁྱེར་གྱི་་འདམ་གཞུང་རྫོང་ཡིན། བྱང་དུ་གསེར་གླིང་མཚོ་ཡོད་པ་དང་། གནས་དེར་སྐམ་ཤས་ཆེ་བ་དང་། ཆར་ཆུ་ཉུང་ཞིང་གསོ་རླུང་མི་འདང་བ། གནམ་གཤིས་འགྱུར་ལྡོག་ཆེ་བ། ཕྱུགས་ལས་གཙོ་བོར་བྱེད་ཀྱི་ཡོད་པས། ཝང་ཕུང་གཡན་གྱིས་བསམ་ཚོད་བྱས་པ་ནང་བཞིན་གྱི་སྐྱིད་པོ་དེ་ཙམ་མེད།

    ཐོག་མར་དེ་གར་སླེབས་སྐབས་ས་མཐོར་མི་འཕྲོད་པའི་ཝང་ཕུང་གཡན་གྱིས་དཔལ་མགོན་རྫོང་གི་གྲོང་ཚོ་ཆེ་ཆུང་ཚང་མར་བརྟག་དཔྱད་བྱས་པ་དང་འབྲེལ། ལེགས་བཅོས་ཀྱི་བྱ་ཐབས་བཏོན་ཅིང་། ་ཁོང་གིས་སྤོབས་པ་བྱེད་འོས་པ་ཞིག་ནི་བལ་ལ་གྲོང་རྡལ་མ་རོང་སྒང་དེའུ་རུ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་སྐྲུན་པའི་ལས་གྲྭ་ལག་བསྟར་བྱས་པ་དེ་རེད།

    བོད་སྐྱོར་གྱིས་འབྲོག་པ་སྡོད་ཁང་གསར་པར་སྤོ་རྒྱུར་རོགས་རམ་བྱས།

    1964ལོར་བལ་ལ་གྲོང་རྡལ་དུ་སྦྲ་གུར་གཅིག་གཉིས་ཙམ་ལས་མེད། མ་གཞི་བལ་ལ་གྲོང་རྡལ་ནི་ནག་ཆུ་ས་ཁུལ་ནས་དཔལ་མགོན་རྫོང་བར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན་མོད། འོན་ཀྱང་མི་ཤིན་ཏུ་ཉུང་བས“མི་མེད་ལུང་སྟོང”དང་གཉིས་སུ་མ་མཆིས། 2005ལོར་བལ་ལ་དང་། དར་རྟག ལྡན་མ། གཡུ་མཚོ་བཅས་ཤང་4ད་ལྟའི་བལ་ལ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་རེད།

    ད་ཆ་བལ་ལ་གྲོང་རྡལ་འཁྲུག་ཆ་དོད་པའི་གྲོང་རྡལ་ཆུང་ཆུང་ཞིག་དུ་གྱུར་ཡོད། ང་ཚོས་བལ་ལ་གྲོང་རྡལ་དུ་བཅར་འདྲི་བྱེད་སྐབས། དཔལ་མགོན་རྫོང་གནམ་མཚོ་ལས་བཟོའི་རིག་གནས་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་མཇུག་འགྲིལ་མ་ཐག་ཡིན་པ་དང་། ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་ཕྱིར་ལོག་པའི་གྲོང་རྡལ་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཀྲེན་ཀྲང་གཞོན་པ་ཟླ་སྒྲོན་གྱིས་བལ་ལ་གྲོང་རྡལ་ལ་ལན་ཆིའུ་སྤོ་ལོ་དང་ཐག་འཐེན་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་བྱུང་ཞེས་དགའ་སྤྲོ་དཔག་མེད་ངང་ང་ཚོར་བཤད་བྱུང་།

    བལ་ལ་གྲོང་རྡལ་གྱི་འཕོ་འགྱུར་ཆེན་པོ་དེ་རྒྱལ་ཁབ་ཀྱི་བོད་སྐྱོར་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་རེད།

    བལ་ལ་གྲོང་རྡལ་མ་རོང་སྒང་དེའུ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་རྡོར་གྱིས། གལ་ཏེ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་སྐྲུན་པའི་ལས་གྲྭ་ལག་བསྟར་བྱས་མེད་ཚེ། ད་ཆའང་ང་སྨི་ངོས་གྲུ་30ལས་མེད་པའི་སོ་ཕག་ཁང་པའི་ནང་བསྡད་ཡོད་ཅེས་གསར་འགོད་པར་བཤད།

    བཀྲ་རྡོར་1967ལོར་སྐྱེས་པ་དང་སློབ་གྲྭར་འགྲོ་མྱོང་མེད། གཉེན་སྒྲིག་མ་བྱས་གོང་ཕ་མ་དང་མཉམ་དུ་ཕྱུགས་འཚོ་གི་ཡོད། “སྦྲ་གུར་ནང་སྡོད་པ་དང་། ལོ་ཧྲིལ་པོར་པགས་ཚག་གཅིག་རང་གྱོན་དགོས་པ། བཟའ་རྒྱུ་རྩམ་པ་ལས་མེད་པ་དང་གྲོ་ཞིབ་ཧ་ཅང་དཀོན་པས། ཟས་ཀྱིས་གྲོད་པ་མི་རྒྱགས་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད། ང་ལོ་21ལ་གཉེན་སྒྲིག་བྱས་པ་ཡིན། སྐབས་དེར་ཁྱིམ་དུ་ནོར་ལུག་ཁ་ཤས་ལས་མེད”ཅེས་བཀྲ་རྡོར་གྱིས་གསར་འགོད་པར་བཤད།

    2003ལོར་རྩྭ་ར་དུད་ཚང་ལ་འགན་གཙང་སྤྲད་པ་དང་། 2006ལོར་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བས་བཀྲ་རྡོར་ཁྱིམ་གྱི་འཚོ་བ་རིམ་བཞིན་ལེགས་སུ་སོང་ནས་མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    2012ལོར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སིས་མ་དངུལ་སྒོར་ཁྲི་1600ལྷག་ཙམ་བཏང་སྟེ་བལ་ལ་གྲོང་རྡལ་མ་རོང་སྒང་དེའུ་རུ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་སྐྲུན་འགོ་ཚུགས་པ་དང་། དམངས་ཕན་བྱ་ཐབས་དེ་ལས་བལ་ལ་གྲོང་རྡལ་གྱི་འབྲོག་པའི་འཚོ་བར་རྦད་དེ་འགྱུར་ལྡོག་ཕྱིན་ཞིང་། ལས་གྲྭ་དེས་བདེ་སྡོད་ཁང་པ་ཆ་ཚང་42བརྒྱབ་པ་མ་ཟད། ད་དུང་ཉི་ནུས་དྲོད་ཁང་དང་། གསང་སྤྱོད། གད་སྙིགས་སྦས་ས། རིག་གནས་བྱེད་སྒོའི་ཐང་ཆེན། ལན་ཆིའུ་སྤོ་ལོའི་ཐང་། ལམ་དུ་ཨར་འདམ་འདིང་བ་སོགས་ལེ་ལག་ཆ་ཚང་བའི་རྣམ་གྲངས་རབ་དང་རིམ་པ་བསྐྲུན་པ་རེད།

    ཝང་ཕུང་གཡན་གྱིས“ཡུལ་མིའི་གློག་གི་གནད་དོན་ཐག་གཅོད་བྱ་ཆེད། ང་ཚོས་འབྱོར་འབྲིང་དཔེ་སྟོན་གྲོང་གསར་འཛུགས་སྐྲུན་ལས་གྲྭ་དེ་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བཞིན་པའི‘གསེར་ཉི’དཔེ་སྟོན་འདུ་འགོད་དང་བོད་དབུས་ཀྱི་གློག་དྲའི་འདུ་འགོད་དང་འབྲེལ་མཐུད་བྱས་པ་ཡིན། མིག་སྔར་བོད་དབུས་ཀྱི་གློག་དྲ་ཕྱིང་ལུང་ཤང་དང་། བལ་ལ་གྲོང་རྡལ། ཕུར་བུ་གྲོང་རྡལ་བཅས་ཀྱི་དུད་ཚང་1035ལ་ཁྱབ་ཅིང་། ཤང་གྲོང་གཞན་དག་གིས་ཉི་གློག་རྟེན་བཞིན་ཡོད་པས། གཞི་རྩའི་ཐོག་རྒྱུན་གཏན་གྱི་འཚོ་བར་སྤྱོད་པའི་གློག་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་བཤད་བྱུང་།

    བཀྲ་རྡོར་གྱི་ཁྱིམ་གྱི་ཉི་ནུས་གློག་གསོག་སྒྲིག་ཆས་ཡུན་རིང་བེད་མེད་དུ་བཞག་ཡོད་ཅིང་། རྣམ་ཀུན་བརྙན་འཕྲིན་ལྟ་བ་དང་། ལག་ཐོགས་ཁ་པར་དུ་གློག་བླུགས་པ། གློག་སྒུལ་འཁོར་རིགས་ལ་གློག་བླུག་པ་ཚང་མ་བོད་དབུས་ཀྱི་གློག་དྲས་སྐྱེལ་འདྲེན་བྱས་པའི་གློག་ཡིན་པ་གསར་འགོད་པས་མཐོང་བྱུང་།

    ཝང་ཕུང་གཡན་གྱིས“གཞི་རྩའི་འཚོ་བའི་སྒྲིག་བཀོད་ཀྱི་གནད་དོན་ཐག་གཅོད་བྱས་རྗེས། ང་ཚོས་ད་དུང་གྲོང་ཚོའི་ཁོར་ཡུག་སྔར་བས་མཛེས་སུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་སྐྲུན་པའི་་དཔེ་སྟོན་གྲོང་ཚོར་འགྱུར་ཐུབ་པ་བྱེད་རྩིས་ཡོད། ཁྱེད་རང་གཟིགས་དང་། ཡུལ་མི་ཨུ་ལྷན་མདུན་གྱི་རྩྭ་ར་དེར་ཆུ་དང་ལུད་བརྒྱབ་ཟིན་པས་རྩྭ་སོན་འབྱོར་རྗེས་འདེབས་རྒྱུ་ཡིན”ཞེས་ཤོད་ཀྱི་འདུག

    ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ།

    མ་དངུལ་སྒོར་ཁྲི་87བཏང་ནས་བསྐྲུན་པའི་བལ་ལ་གྲོང་རྡལ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ནུས་པ་ཆ་ཚང་བ་དང་། ལྷག་པར་དུ་ཞབས་ཞུའི་ཚོམས་ཆེན་དུ་སྔོ་ལྗང་ཐང་ཆེན་བསྐྲུན་ཡོད་པ་དེ་བལ་ལ་གྲོང་རྡལ་འབྲོག་པའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་འདུག གཟའ་མཇུག་འཆར་རིམ་བཞིན་ས་ཆ་དེ་གའི་འབྲོག་པས་ཕྲུ་གུ་དང་རྒན་རྒོན་ཁྲིད་དེ་སྔོ་ལྗང་ཐང་ཆེན་དུ་ངལ་གསོ་རྒྱག་པར་བསྐྱོད་ནས་འབྲོག་ཁུལ་དུ་མཐོང་དཀོན་པའི་མེ་ཏོག་སྣ་ཚོགས་ལ་ལྟ་གི་འདུག

    “ལས་དོན་མི་སྣ་དམངས་ཕན་ཞབས་ཞུ་ཐང་ཆེན་གྱི་ཉེ་འགྲམ་དུ་བསྡད་ཡོད། གལ་ཏེ་འབྲོག་པར་ང་ཚོ་དགོས་མཁོ་ཡོད་ཚེ། ང་ཚོས་འཕྲལ་དུ་འགྲོ་གི་ཡོད”ཅེས་དང་། ད་ཆ་འབྲོག་པས་བློ་འདྲི་བྱེད་དགའ་ཤོས་ནི་རེའུ་དང་ལུ་གུ་སྐྱེ་བསུ་དང་གསོ་ཚགས་བྱེད་སྟངས། དངོས་སྤྱོད་རྩལ་ནུས་གསོ་སྦྱོང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་སོགས་རེད་འདུག་ཅེས་ཟླ་སྒྲོན་གྱིས་ངོ་སྤྲོད་བྱས་བྱུང་།

    མ་རོང་སྒང་དེའུ་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་རྒྱལ་གྱིས“སྔར་ནས་ད་བར་འབྲོག་པའི་དགོས་མཁོར་དམིགས་ཏེ་གྲོང་ལྷན་གྱིས་འབྲོག་པ་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་དངོས་སྤྱོད་རྩལ་ནུས་གསོ་སྦྱོང་བྱས་པ་དང་འབྲེལ། ལས་ཀ་བཙལ་ཡོད། མིག་སྔའི་བར་གྲོང་ཚོ་ཡོངས་ཀྱི་ཁྱོན་མི་200ཕྱིར་ལས་ཀར་ཕྱིན་པར་ཡོང་འབབ་སྒོར་ཁྲི་60ལྷག་བྱུང་ཡོད”ཅེས་བཤད།

    འབབ་འཕར་ཕྱུག་འགྱུར་ཡོང་ཆེད། མ་རོང་སྒང་དེའུ་གྲོང་ལྷན་གྱིས་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་འཆར་གཞི་ལྡན་པའི་སྒོ་ནས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མིག་སྔར་གྲོང་ཚོ་ཨུ་ལྷན་གྱི་ཁོངས་གཏོགས་སུ་ཇ་ཁང་དང་། སྐྱེལ་འདྲེན་རུ་ཁག སྒྲོམ་སྟེགས་སྤོ་ལོ་ཁང་སོགས་མཉམ་ལས་ཁང་གི་རྣམ་པའི་ཐོག་གཉེར་ཡོད་པ་དང་། ཞོ་བྲིན་ཚོང་ས་ཚིགས་ཀྱང་འཛུགས་བཞིན་འདུག གོམ་སྟབས་རྗེས་མར་ད་དུང་བོད་ཆས་དང་བོད་རུམ་སོགས་མི་རིགས་ལག་ཤེས་ཀྱི་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། བྱེ་རྡོ་ལས་སྣོན་བཟོ་གྲྭ་གཉེར་རྒྱུའི་སྙན་ཞུ་འབུལ་ནས་ས་གནས་དེ་གའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་རྩིས་འདུག

    ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སིའི་བོད་སྐྱོར་ལས་བྱེད་པ་ཡིན་པའི་རྫོང་དཔོན་གཞོན་པ་ཝང་ཧྥེ་ཡིས་བལ་ལ་གྲོང་རྡལ་ལ་འགྱུར་ལྡོག་འདི་འདྲ་བྱུང་བར་དགའ་ཚོར་བྱེད་ཀྱི་ཡོད། ཁོང་གིས“བོད་སྐྱོར་ནི་དཔལ་མགོན་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པ་སྨོས་མི་དགོས། འོན་ཀྱང་ས་ཆ་འདི་གའི་ལས་བྱེད་མང་ཚོགས་ཚོར་རང་ཉིད་ཀྱིས་འཕེལ་རྒྱས་དང་ཡར་རྒྱས་གཏོང་བའི་འདུན་པ་ཧ་ཅང་ཆེན་པོ་ཡོད”ཅེས་ཤོད་ཀྱི་འདུག

    བལ་ལ་གྲོང་རྡལ་གྱི་ལས་བྱེད་པའི་སེམས་སུ་ཕ་ཡུལ་གྱི་འཛུགས་སྐྲུན་ལ་ནུས་ཤུགས་འདོན་རྒྱུ་དང་། འབྲོག་པ་ཕྱུག་པོ་ཆགས་ཆེད་ཐབས་ཤེས་ཡོད་རྒུ་འདོན་པའི་འདུ་ཤེས་ཧ་ཅང་ཟབ་མོ་འདུག

    2015ལོར་བལ་ལ་གྲོང་རྡལ་འབྲོག་པས་སྤོབས་པ་བྱེད་པའི་གནས་ཚུལ་ཞིག་ཐོན་ཞིང་། དེ་ནི་གྲོང་རྡལ་ནས་ཐེངས་གཅིག་ལ་སློབ་མ་15་སློབ་ཆེན་ལ་རྒྱུགས་འཕྲོད་པ་དེ་རེད། “སློབ་ཆེན་སློབ་མ་མང་པོ་ཕ་ཡུལ་ལ་དགའ་ཞེན་ཆེ་བ་དང་། སློབ་གྲྭ་ཐོན་རྗེས་ཚང་མ་ལོག་ཡོང་ནས་བྱ་གཞག་གསར་གཏོད་བྱེད་འདོད་འདུག”ཅེས་ཟླ་སྒྲོན་གྱིས་བཤད།

    སློབ་ཆེན་སློབ་མ་བཀྲ་ཤིས་མགོན་སྐྱབས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་དང་། 2006ལོར་སློབ་ཆེན་ཐོན་རྗེས་ཁོང་གིས་གཞུང་ཞབས་པའི་ཡིག་རྒྱུགས་སྤྲད་ནས་འཕྲོད་དེ་བལ་ལ་གྲོང་རྡལ་དུ་ལོག་སྟེ་གཞི་རིམ་ལས་བྱེད་པ་ཞིག་བྱས་ཤིང་། སློབ་གསོ་དང་ཕྱུགས་ལས་སོགས་ཀྱི་ལས་འགན་འཁུར་བཞིན་མཆིས། ཕ་ཡུལ་གྱི་གཉེན་ཉེ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་འབྲོག་པར་ཞབས་འདེགས་ཞུ་རྒྱུ་ནི་བཀྲ་ཤིས་མགོན་སྐྱབས་ཀྱི་སྒྲུབ་དགའ་ཤོས་ཀྱི་བྱ་བ་རེད་འདུག

    ཁྱད་ལྡན་གྲོང་རྡལ་ཆུང་གྲས་སུ་གསོན་ཤུགས་ཀྱིས་ཁེངས་པ།

    2002ལོ་ནས་2014ལོ་བར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སིས་སྔ་རྗེས་སུ་ཁག་7གྱི་ལས་བྱེད་པ་14བཏང་ནས་དཔལ་མགོན་ལ་རོགས་སྐྲུན་བྱས་ཤིང་། རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་2.56བཏང་སྟེ་བོད་སྐྱོར་རྣམ་གྲངས་བརྒྱ་ལྷག་ཙམ་ལག་བསྟར་བྱས་པ་དང་། དེའི་ནང་བདེ་སྡོད་དང་། འགྲིམ་འགྲུལ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཚུད་ཡོད།

    རྫོང་དཔོན་ཚེ་རིང་བཀྲ་ཤིས་ཀྱིས“ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སིས་བོད་སྐྱོར་ལོ་13བྱེད་རིང་ནི་དཔལ་མགོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་དང་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ལོ་13རེད”ཅེས་ཤོད་ཀྱི་འདུག

    “ནག་ཆུ་ས་ཁུལ་ནས་དཔལ་མགོན་རྫོང་བར་གྱི་གཞུང་ལམ་དུམ་བུ་དེར་དཔེ་བཞག་ནས་བཤད་ན། ད་ཆ་རླངས་འཁོར་གྱིས་ཆུ་ཚོད་5ནས་6བར་ལས་སྐྱོད་དགོས་མེད། འོན་ཀྱང་སྔོན་ཆད་ཉིན་ཁ་ཤས་འགྲོ་དགོས་པ་དང་ཆར་པ་བབས་ཚེ་འདམ་རྫབ་མང་ལ། གང་སར་འབར་འབུར་གྱིས་ཁེངས་ནས་རྟག་ཏུ་རླངས་འཁོར་དིམ་པ་དང་ལམ་བར་དུ་ངལ་གསོ་ཡུལ་ཙམ་ཡང་རྙེད་ཀྱི་མེད། ད་ཆ་ནག་ཆུ་ས་ཁུལ་ནས་དཔལ་མགོན་རྫོང་བར་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད། གལ་ཏེ་ལམ་བར་དུ་ངལ་གསོ་འདོད་བྱུང་ཚེ་ཞབས་ཞུ་འཐུས་སྒོ་ཚང་བའི་བལ་ལ་གྲོང་རྡལ་དུ་ཇ་འཐུང་བ་དང་ལྟོ་ཆས་བཟའ་ཆོག་པས། སྔོན་ཆད་དང་བསྡུར་ཚེ་ཆ་རྐྱེན་ཡག་ཏུ་ཆེས་ཆེར་སོང་ཡོད”ཅེས་ཚེ་རིང་བཀྲ་ཤིས་ཀྱིས་བཤད།

    ཚེ་རིང་བཀྲ་ཤིས་ཀྱིས་ད་དུང“དོན་དུ་བལ་ལ་གྲོང་རྡལ་མ་རོང་སྒང་དེའུ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་ནི། ང་ཚོས་ཞིང་འབྲོག་ཁུལ་གྱི་གྲོང་རྡལ་ཅན་འཛུགས་སྐྲུན་འཚོལ་ཞིབ་བྱེད་སྟངས་ཙམ་ཞིག་ཡིན་པ་དང་། ཆུ་དང་གློག་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་བྱུང་ཚེ། ང་ཚོས་ད་དུང་དེ་བས་མང་བའི་ཡུལ་སྐོར་གྲོང་ཚོ་དང་། མཉམ་ལས་ཁང་གི་གྲོང་ཚོ། ངལ་ནུས་ཕྱིར་གཏོང་གྲོང་ཚོ་ལ་སོགས་བསྐྲུན་རྩིས་ཡོད”ཅེས་ང་ཚོར་བཤད་བྱུང་།

    བལ་ལ་གྲོང་རྡལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། དཔལ་མགོན་རྫོང་གིས་ཕན་འབྲས་ཆེན་པོ་ཐོན་པའི་ལས་དོན་འབོར་ཆེན་ཞིག་སྤེལ་བ་དང་འདི་ལོ་ཡང་མ་དངུལ་སྒོར་དུང་ཕྱུར་3བཏང་བའི་ཀྲའོ་ཝ་20ཡི་འོད་ཤུགས་གློག་ཁང་གི་རྣམ་གྲངས་དེ་བལ་ལ་གྲོང་རྡལ་དུ་འཛུགས་རྒྱུ་ཡིན་ཞིང་། མིག་སྔར་དུས་འགོའི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་འདུག ད་དུང་བལ་ལ་གྲོང་རྡལ་གྱི་ཕྱུགས་ཟོག་ཐོན་རྫས་ལས་སྣོན་མཉམ་ལས་རྩ་འཛུགས་འཛུགས་གྲབས་འདུག་ལ། བྱང་རྩྭ་ཐང་གི་ཡུལ་སྐོར་ཀུང་སིས་བལ་ལ་གྲོང་རྡལ་ལ་གཞུང་ལམ་གཅིག་བསྐྲུན་རྩིས་འདུག་པས། འཕེལ་རྒྱས་འགྲོ་བཞིན་པའི་བལ་ལ་གྲོང་རྡལ་དེ་ཉིད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་མཆིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།