[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>དཔལ་འབྱོར།
  • སྟོབས་ཤུགས་གཅིག་ཏུ་བསྒྲིལ། སྤུས་རྟགས་ཧུར་ཐག་བཏོད།

    བོད་ཀྱི་ཚོང་རྟགས་སྤུས་རྟགས་ཀྱི་འཕེལ་རྒྱས་དང་སྲུང་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2015-08-21

    ན་ནིང་ཤར་ཚུན་རང་ལྗོངས་ཀྱིས་ཚོང་རྟགས་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་གཏོང་བ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ཆབས་ཅིག《ཚོང་རྟགས་བཅའ་ཁྲིམས》གསར་པ་ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ཏེ་གྲགས་ཅན་ཚོང་རྟགས་དང་། སྙན་གྲགས་ཀུན་ཁྱབ་ཀྱི་ཚོང་རྟགས། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་བཅས་སྐྱེད་སྲིང་དང་གོང་འཕེལ་བཏང་ནས་རང་ལྗོངས་ཀྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད་པ་རེད།

    2014ལོར་རང་ལྗོངས་ཀྱིས་ཚོང་རྟགས་1447ཐོ་འགོད་འདུན་ཞུ་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་10%མང་དུ་སོང་བ་དང་། ཚོང་རྟགས་4460ཐོ་འགོད་ནུས་ལྡན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་22%མང་དུ་ཕྱིན་པ་མ་ཟད། ཀྲུང་གོའི་སྙན་གྲགས་ཀུན་ཁྱབ་ཀྱི་ཚོང་རྟགས་11དང་། ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་13 རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་89བཅས་ཟིན་ཡོད། དེ་དང་དུས་མཚུངས་ཁག་བརྒྱད་པའི་གྲགས་ཅན་ཚོང་རྟགས་ཡིག་ཐོག་སྙན་ཞུ་གཏན་འཁེལ་བྱེད་པའི་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།

    ཚོང་རྟགས་རེ་ཞུ་ཐོ་འགོད་དང་བེད་སྤྱོད་དབང་ཆ་སྲུང་སྐྱོང་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།

    དྲིལ་བསྒྲཌ་ལ་ཤུགས་སྣོན་བརྒྱབ་ནས་ཚོང་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།

    ན་ནིང་ཤར་ཚུན་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ《ཚོང་རྟགས་བཅའ་ཁྲིམས》གསར་པ་དང་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་བཟོ་ཚོང་ཐད་ཀྱི་འགན་ཁུར་་མཁན་སྲིད་གཞུང་གི་འགོ་ཁྲིད་དང་། རིམ་ཁག་བཟོ་ཚོང་ཅུས་ཀྱི་ལས་བགོས་འགན་འཁུར་འགོ་ཁྲིད་དང་ལས་སྒོའི་རྐང་འཛིན་པ། ལྗོངས་ཡོངས་ཀྱི་ཚོང་རྟགས་སྙན་གྲགས་ཀུན་ཁྱབ་དང་གྲགས་ཅན་ཚོང་རྟགས་ཁེ་ལས་དང་ཁེ་ལས་གཞན་གྱི་འཐུས་མི་སོགས་ཁྱོན་མི་གྲངས་495གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    བོད་ཀྱི་ཚོང་རྟགས་འཐབ་ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བོད་ཀྱི་སྤུས་རྟགས་དྲིལ་བསྒྲཌ་དང་ཁྱབ་གདལ། བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་གཏོང་ཆེད་ན་ནིང་ཟླ་11པར་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་བོད་ཀྱི་ས་ཁོངས་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པའི་སྙན་གྲགས་ཀུན་ཁྱབ་དང་གྲགས་ཅན་ཚོང་རྟགས་ཀྱི་ཁེ་ལས་6སྒྲིག་འཛུགས་བྱས་ནས་སྐབས་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟཌ་སྤུས་རྟཌ་དུས་ཆེན་ནང་ཞུགས་པས་འགྲེམས་ཞུགས་ཁེ་ལས་ཀྱི་གྲངས་ཚད་མང་ཤོས་ཡིན་པ་རེད།

    སྤུས་རྟགས་དུས་ཆེན་ཐོག་ཀྲུང་ཧྭ་ཚོང་རྟགས་མཐུན་ཚོགས་ཀྱིས་རིན་མི་དགོས་པར་བོད་ཀྱི་འགྲེམས་ཞུགས་ཁེ་ལས་ལ་ཚོང་ཟོག་འགྲེམས་ཁུལ་དང་ཚོགས་པའི་དུས་དེབ་ཀྱི་བརྡ་ཆའི་དྲིལ་བསྒྲགས་སོགས་ཀྱི་ཞབས་འདེགས་ཞུས་ཡོད། དེ་དང་ཕྱོགས་མཚུངས་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་དེ་མཚུངས་ཀྱི་ལེ་ལག་ཚང་བའི་བྱ་ཐབས་བཏོན་ནས་འགྲེམས་ཞུགས་ཁེ་ལས་ལ་གཞུང་དོན་ལམ་གྲོན་དང་ཚོང་ཟོག་མངགས་འདྲེན་གླ་ཆ་རོགས་རམ་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རོགས་དང་སྤུས་རྟགས་ཀྱི་ཕན་འབྲས་རྒྱ་ཆེར་བཏང་བས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ་དང་ཁེ་ལས་རང་འགུལ་ངང་ཞུགས་པ།

    རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ས་ཁུལ་དང་གྲོང་ཁྱེར་ཁག་གི་བཟོ་ཚོང་ཅུས་ཀྱིས་ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་རང་རྟོགས་ངང་ཞུགས་ཏེ་ས་གནས་སྲིད་གཞུང་ལ་ཞབས་ཞུའི་འཁོར་རྒྱ་ཆེ་རུ་གཏོང་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་ཆེ་ས་ནས་ཇུས་འགོད་རྩེ་གྲྭ་བྱེད་པ་དང་ཆུང་ས་ནས་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཁར་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གྱིས་ཁྲོམ་རའི་བྱེད་པོ་བེད་སྤྱོད་དང་ཚོང་རྟགས་སྤུས་རྟགས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས《ཚོང་རྟགས་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་བསམ་འཆར》དང《ཚོང་རྟགས་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་གཞི(2014ལོ་ནས་2020ལོ་བར)》ཧུར་ཐག་བཟོས་ནས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ལ་སྙན་སེང་ཞུས་པ་དང་ཆབས་ཅིག་ཚོང་རྟགས་འཐབ་ཇུས་ལག་ལེན་བསྟར་རྒྱུའི་འགོ་ཁྲིད་ཚོགས་ཆུང་ཡང་གྲོས་མོལ་བྱས་ནས་བཙུགས་པ་རེད།

    ལྷོ་ཁ་ས་ཁུལ་བཟོ་ཚོང་ཅུས་ཀྱིས《ཚོང་རྟགས་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་ལྷོ་ཁ་ས་ཁུལ་གྱི་ལག་བསྟར་བསམ་འཆར》བཟོས་པ་དང་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“མཚོ་སྣའི་ཇ”དང“ལྷོ་བྲག་གི་ཕིང”སོགས་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་ས་ཁམས་མཚོན་རྟགས་ཚོང་རྟགས་རེ་ཞུའི་ལས་དོན་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ“མཚོ་སྣའི་ཇ”དང“ལྷོ་བྲག་གི་ཕིང”གི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཡིག་ཐོག་སྙན་ཞུའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་རེད།

    གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་གྲགས་ཅན་ཚོང་རྟགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས་ཁག་བདུན་པའི་གྲགས་ཅན་ཚོང་རྟགས་ལ་རང་སྐྱོང་ལྗོངས་སྲིད་གཞུང་གི་བྱ་དགའ་སྒོར་ཁྲི་10ཐོབ་པའི་རྨང་གཞིའི་ཐོག་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཁེ་ལས་ལྔ་ལ་སྤྲོད་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་ལྔ་རེ་སྤྲད་པ་རེད།

    ཚོང་རྟགས་ལ་བཙན་གནོད་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ།

    རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས《རྒྱལ་ཡོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཁོངས་གཏོགས་ཀྱིས་ཤེས་བྱའི་ཐོན་དབང་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་བ་དང་ཚོང་བར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས《ཤེས་བྱའི་ཐོན་དབང་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་བཟོ་བ་དང་ཚོང་བར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་ཇུས་གཞི》བཟོས་ནས་ཤེས་བྱའི་ཐོན་དབང་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་རྫུས་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་སྤྱོད་ནུས་ལྡན་ངང་སྤེལ་བ་རེད།

    2014ལོར་བཙན་གནོད་བཏང་བའི་རྫུན་ལྷད་གྱོད་གཞི་140ལ་ཞིབ་བཤེར་ཐག་གཅོད་བྱས་ནས་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་51.54ཟིན་པར་དངུལ་སྒོར་ཁྲི་53.05གཞུང་བཞེས་བཏང་ཡོད། དེའི་ནང་ཚོང་རྟགས་ཀྱི་ཁེ་དབང་ལ་བཙན་གནོད་བཏང་བའི་གྱོད་གཞི་49ཡོད་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་26ཟིན་པ་དང་དངུལ་སྒོར་ཁྲི་37.05གཞུང་བཞེས་བཏང་བ་དང་། གྲགས་ཅན་ཚོང་རྟགས་ལ་དམིགས་བསལ་དུ་ཡོད་པའི་མིང་དང་ཐུམ་སྒྲིལ་སོགས་རྫུན་བཟོ་བྱས་པའི་གྱོད་གཞི་11ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་14.7ཟིན་པས་དངུལ་སྒོར་ཁྲི་2.99གཞུང་བཞེས་བཏང་བ། རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གྱོད་གཞི་80ལ་ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་10.84ཟིན་པ་དང་དངུལ་སྒོར་ཁྲི་13.01གཞུང་བཞེས་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།