[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ།>བོད་སྐྱོར།
  • ལྷག་བསམ་དག་པོས་བོད་སྐྱོར་བྱས་ནས་ས་མཐོར་ལེགས་སྐྱེས་ཕུལ་བ།

    —— ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཡང་བསྐྱར་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-08-25

    གངས་ལྗོངས་ས་མཐོའི་འགྱིག་རགས་ཆེ་གྲས་དང་པོ་དང་། ས་བབ་མཐོ་ཚད་སྨི་3800ཡན་ཟིན་པའི་མཐོ་གྲང་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཤིང་འཛུགས་ནགས་བཟོ་ལས་གྲྭ གངས་ལྗོངས་ས་མཐོའི་བོངས་ཚད་ཆེ་ཤོས་ཡིན་པའི་ནུས་རྒྱུ་གསར་པའི་འོད་ཧྥུའུ་ཐོན་ལས་འདུས་ཁུལ། གངས་ལྗོངས་ས་མཐོའི་གཞི་ཁྱོན་ཆེ་ཤོས་ཡིན་པའི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི། གཙང་གི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་པོ་སོགས“དང་པོ”དང“ཆེ་ཤོས”མང་པོ་ལས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་ལོ་གཉིས་རིང་གི་དཀའ་སྤྱད་འབད་བརྩོན་དང་དངོས་སྒྲུབ་སྙིང་སྟོབས་ར་སྤྲོད་བྱེད་ཐུབ་པ་མ་ཟད་དེ་དག་ནི་མཛད་རྗེས་རྡོ་རིང་ཞིག་དང་འདྲ་བར་ཧྲན་ཏུང་གི་བོད་སྐྱོར་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་མུ་མཐུད་གཏོད་བཞིན་ཡོད་པ་རེད།

    དམངས་འཚོར་དོ་ཁུར་བྱས་ནས་བོད་སྐྱོར་རྨང་གཞི་བརྟན་པོ་བཏིང་བ།

    ཡུན་རིང་ནང་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དམངས་འཚོའི་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཐོག ཚན་རིག་བོད་སྐྱོར་དང་དངོས་སྒྲུབ་བོད་སྐྱོར་གྱི་རྩ་དོན་བཟོས་ནས“གཞིས་རྩེའི་ལས་དོན་ཧྲན་ཏུང་གི་ལས་དོན་དུ་བརྩི་རྒྱུ་དང་། རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས་ལྔ་པོ་དེ་དག་ཧྲན་ཏུང་གི་རྫོང་དང་ཆུས་སུ་བརྩི་རྒྱུའི”གཟི་བརྗིད་ཁས་བླངས་པ་རེད།

    2013ལོ་ཚུན་དུ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས“རྒྱུག་མཐུད་དབྱུག་པ”བླངས་རྗེས། རྣམ་གྲངས་དང་མ་དངུལ་ཚང་མ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཕྱོགས་ནས་དམངས་འཚོ་སྔོན་ལ་འགན་ལེན་ལེགས་བཅོས་ཀྱིས་བོད་སྐྱོར་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཐོག ཁག་སྔོན་མ་ལས་བོད་སྐྱོར་མ་དངུལ་28%མང་དུ་བཏང་ཡོད་པ་རེད།

    “བོད་སྐྱོར་བྱེད་པར་སྔོན་ལ་སློབ་གསོར་རོགས་སྐྱོར་བྱེད་དགོས་པ་དང་། འཕེལ་རྒྱས་གཏོང་བར་སྔོན་ལ་མི་སྣ་གསོ་སྐྱོང་བྱེད་དགོས” ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྤྱི་ཁྱབ་རུ་དཔོན་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཀྲའོ་ཀྲི་ཡོན་གྱིས་ལོ་གཉིས་ལྷག་ཙམ་རིང་ཧྲན་ཏུང་གི་བོད་སྐྱོར་ལས་དོན་ལ་གྲོང་ཁྱེར་ཚོད་ལྟའི་བྱིས་སྤྲོ་ཁང་དང་། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་སློབ་ཆུང་རྒྱས་སྐྲུན། གྲོང་ཁྱེར་མཐོ་འབྲིང་དང་པོ། “སྐད་གཉིས”དགེ་རྒན་གསོ་སྦྱོང་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལག་བསྟར་བརྒྱུད། སློབ་གསོའི་ཐོན་ཁུངས་དཀོན་པའི་རྣམ་པ་ལེགས་སུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཕུགས་ལ་ཕན་པའི་སློབ་གསོའི་བྱ་བཞག་ཁག་གཙོ་གནད་ཐོག་དམ་འཛིན་བྱས་པ་མ་ཟད། ད་དུང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་མི་འདང་སའང་མགྱོགས་མྱུར་ཁ་གསབ་བྱས་པ་རེད། བོད་སྐྱོར་ལས་དོན་རུ་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་དང་བསྟུན་ནས། རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས་ཀྱི་གཙོ་གནད་གྲོང་རྡལ་ཆུང་ངུ་དང་གྲོང་གསེབ་གསར་པའི་དཔེ་སྟོན་ས་ཚིགས་31ལ་སྤྱི་ཡོངས་འཆར་འགོད་བྱས་ནས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་289གཅིག་སྡུད་ཐོག་བསྐྲུན་པ་མ་ཟད། ཞིང་འབྲོག་དུད་ཚང་4178ཀྱི་བདེ་སྡོད་ལས་གྲྭར་མ་དངུལ་ལྷན་སྦྱར་བྱས་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མཛེས་ལྗོངས་ཤིག་ཏུ་འགྱུར་བར་བྱས་པ་རེད།

    རྩལ་ནུས་བསླབས་ནས“རང་བརྟེན་ནུས་པ”སྐྱེད་སྲིང་བྱས་པ།

    པ་སྣམ་རྫོང་གི་རྫོང་དཔོན་འཕྲིན་ལས་རྣམ་རྒྱལ་གྱིས་པ་སྣམ་རྫོང་ནི་ལྗོངས་ཡོངས་ཀྱི་མིང་དོན་མཚུངས་པའི་ས་མཐོའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། སྔོ་ཚལ་དྲོད་ཁང་གིས་ཞིང་པ་རེར་ཡོང་འབབ་ཆ་སྙོམས་སྒོར་1480མང་དུ་བཏང་ནས་ཞིང་འབྲོག་པ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་མང་དུ་གཏོང་ཚད་20%ཙམ་ཟིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    གསར་འགོད་པར་ཧྲན་ཏུང་གི་རོགས་སྐྱོར་བྱ་ཡུལ་རྫོང་ཁག་ནས་ཤེས་རྟོགས་བྱུང་གསལ། ཁང་བཟང་གི་རྩམ་པ་དང་། ལྷ་སྤྲེལ་བོད་སྨན། ཨེ་མ་སྒང་ཞོག་ཁོག བཟང་བཟང་གི་མར། ཡར་ཀླུང་གཙང་ཐོན་བཟའ་བཅའ་སོགས་པ་སྣམ་སྔོ་ཚལ་དང་འདྲ་བའི“རང་བརྟེན”ཐོན་ལས་ཁག་གཅིག་ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་རྒྱ་ཆེའི་མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་འགྱུར་བཞིན་ཡོད་པ་རེད།

    གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2012ནས་2014ལོའི་བར་ཧྲན་ཏུང་གིས་ཁ་གཏད་རོགས་སྐྱོར་བྱས་པའི་རྫོང་དང་ཆུས་ལྔ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། ནོར་སྲིད་ཡོང་འབབ། ཞིང་འབྲོག་པ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་བཅས་20.8%དང་། 50.7% 33.4%སོ་སོར་འཕར་ཡོད་པ་རེད།

    སྣོད་བཅུད་ཡག་པོ་བསྲུངས་ནས་ཞི་མཐུན་ཁྱིམ་གཞིས་བཏོད་པ།

    ས་མཐོའི་འགྱིག་རགས་ཆེ་གྲས་དང་པོ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་མྱང་ཆུའི་སྣོད་བཅུད་འགྱིག་རགས་ཀྱིས་དགུན་ཁ་མྱང་ཆུར་ཆུ་གསོག་ཐུབ་པ་བྱུང་ནས་ལྷག་ཆུ་སྐྱིལ་གསོག་དང་། གླིང་ཁ་རླན་བཤེར་། འདམ་ར་བདག་སྐྱོང་། ངོགས་གཉིས་ཀྱི་ཞིང་ཁའི་བཞའ་ཚན་སྲུང་བ་སོགས་ཀྱི་ནུས་པ་ཐོན་པ་མ་ཟད། ད་དུང་གྲོང་ཁྱེར་ཤར་སྒོའི་མཚམས་སུ་ཆུའི་མཛེས་ལྗོངས་རྣམ་པར་བཀྲ་བ་ཞིག་བསྐྲུན་ཡོད། དེ་དང་ཆབས་ཅིག་མྱང་ཆུ་དང་། བྱང་ཕྱོགས་ཀྱི་ཉག་ཆུ། ལྷོ་ཕྱོགས་ཀྱི་འཛིར་རགས་ཆུ་བོ་བཅས་ཕྱོགས་གསུམ་ཆུས་བསྐོར་ཅིང་། དུས་བཞིར་རླན་གྱིས་ཕྱུག་པའི་ཆུའི་སྣོད་བཅུད་ཁོར་ཡུག་ཅིག་ཀྱང་ཆགས་ཡོད། གཞིས་རྩེའི་མང་ཚོགས་ཀྱིས“ང་ཚོའི་གྲོང་ཁྱེར། ཁོར་ཡུག་ལེགས་སུ་འགྲོ་བཞིན་ཡོད། དེ་དག་ཚང་མ་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པའི་དྲིན་ཡིན”ཞེས་བཤད།

    ཉག་ཆུའི་གཞིས་རྩེའི་དུམ་བུའི་ས་བབ་མཐོ་ཚད་ཆ་སྙོམས་སྨི་3800ཡན་ཟིན་ཡོད་པས་ཆུ་ངོགས་མང་ཆེ་བར་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་བྱེ་ཐང་ལྟ་བུ་ཡིན་སྟབས། ས་མཐོའི་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་རྒྱུར་བཀག་འགོག་བཟོས་ཡོད། དེའི་ཚད་བརྒལ་ཡོང་གཞི་དེ་རྣམ་གླིང་རྫོང་དུ་ཡོད། ཤངས་ཆུ་ཉག་ཆུར་འདྲེས་སའི་གྲམ་ཐང་མུའུ་ཁྲི་42ལ་ཤིང་འཛུགས་ནགས་བཟོའི་འཚམ་པའི་ས་ཁྱོན་མུའུ་ཁྲི་10ལྷག་ཙམ་ཡོད་པ་དེ་རང་སྐྱོང་ལྗོངས་ཀྱི་འཆར་འགོད་ཁྲོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་ལས་གྲྭ་དང་འདྲ་པོ་ཡོད་པ་རེད།

    “གལ་སྲིད་གོ་སྐབས་གལ་ཆེན་འདི་དམ་འཛིན་བྱས་ནས་བོད་སྐྱོར་རྣམ་གྲངས་དང་མ་དངུལ་ཚང་མ་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱེད་ཐུབ་ན། ཚེགས་ཆུང་དོན་ཆེའི་ཕན་འབྲས་སྨིན་ཐུབ་ངེས་རེད” དུས་བདེ་གནས་ལེགས་ཀྱི་ཆ་རྐྱེན་འཛོམས་པས་ཉག་ཆུའི་བྱང་ངོགས་ཀྱི་བྱེ་རླུང་གི“མནར་གཅོད”ཚད་མེད་མྱོང་བཞིན་པའི་རྣམ་གླིང་རྫོང་གི་ལས་བྱེད་མང་ཚོགས་ཚོས་བོད་སྐྱོར་ལས་བྱེད་པ་དང་མཉམ་དུ་ཉག་ཆུའི་བྱང་ངོགས་སྔོ་ལྗང་སྣོད་བཅུད་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་ཀྲའོ་ཀྲི་ཡོན་གྱིས་བཤད།

    2014ལོའི་ཟླ་3པར་ཉག་ཆུའི་བྱང་ངོགས་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་གྱི་མིའི་ཐབས་ལ་བརྟེན་ནས་ནགས་བཟོ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ནས་ད་བར་ས་ཁྱོན་མུའུ་ཁྲི་1.8ལ་སྡོང་རྐང་ཁྲི་120བཙུགས་ཤིང་། གསར་བཙུགས་སྡོང་ཕྲུག་སྐྱེ་ཚད་95%ཡན་ཟིན་ནས་ས་མཐོའི་སྡོང་འཛུགས་ལོ་རྒྱུས་ཐོག་གི་བྱ་སྤྱོད་རླབས་ཆེན་ཞིག་ཏུ་གྱུར་ཡོད།

    བརྩེ་བ་ཚད་མེད་བཅངས་ནས་གཟུགས་བརྙན་བཏོད་པ།

    ལོ་གཉིས་རིང་གི་དཀའ་སྡུག་ཁྲོད“སྤྱི་ཡོངས་ལ་བསམ་པ་དང་། དངོས་ཡོད་ལ་གཞི་ཚུགས་པ། རྒྱུན་མཐུད་འཕེལ་རྒྱས། ལེགས་སྐྱེས་གཙིགས་སུ་འཛིན་པ”བཅས་ཀྱི་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྙིང་སྟོབས་ཆགས་ནས་གཞིས་རྩེའི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་རིགས་ཀྱི་འབྲེལ་ཡོད་སྟོང་ཆ་བསྐངས་པའི་ཧྲན་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ལག་རྩལ་བོད་སྐྱོར་ལས་བྱེད་པ་ཧུའུ་ཙུང་ཝུན་དང་། 2014ལོའི་ལོ་འཁོར་གྱི“ཙི་པུའོ་གྲོང་ཁྱེར་གྱི་ཕུལ་བྱུང་ན་གཞོན་བཅུའི”གྲས་སུ་བདམས་པའི་ཙི་པུའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཆུས་ཝུན་ཡུའེ་སོགས་ཕུལ་བྱུང་དཔེ་སྟོན་ཁག་གཅིག་ཐོན་ཡོད།

    “4·25”ས་ཡོམ་དྲག་པོ་བརྒྱབ་རྗེས། ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་ཚོ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཧུར་ཐག་ཞུགས་ཤིང་། ཡན་ཐའེ་ཡི་བོད་སྐྱོར་ལས་བྱེད་པ་དང་། གཉའ་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ལི་ཏུང་གིས་ས་ཡོམ་བརྒྱབ་རྗེས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཚོ་བརྒྱུད་རིམ་ལྡན་པའི་ངང་གནས་སྤོ་ཉེན་གཡོལ་བྱེད་དུ་བཅུག་པ་དང་། ཆིང་ཏའོ་ཡི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་འདྲེན་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ། བསམ་གྲུབ་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཝང་པུའོ་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཉིན་མཚན་དུ་མར་གནད་དོན་ཐག་གཅོད་བྱས་པས། གནོད་འཚེ་ཕོག་མཁན་མང་ཚོགས་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་བདེ་བླག་ངང་སྤོ་ཐུབ་པ་སོགས་མང་ངོ་། དེ་ལྟར་ཁོང་ཚོས་མི་སེམས་འགུལ་བའི་བརྩེ་སེམས་ཆེན་པོའི་བསྟོད་གླུ་ཞིག་བརྩམས་ནས་ཉམས་སད་དྲག་པོ་ཐེག་ཐུབ་པ་བྱས་ཡོད།

    དེས་མ་ཟད་ད་དུང་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་ཚོ་རིག་གནས་སྤེལ་རེས་ཀྱི་ཕོ་ཉ་ལྟ་བུ་བྱས་ནས་ཧྲན་ཏུང་དང་བོད་གཉིས་དབར་གྱི་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བར་སྤེལ་རེས་ཟམ་པ་བཙུགས་པ་རེད། ཧྲན་ཏུང་དང་བོད་གཉིས་ཀྱིས་རིགས་གཅིག་མཁས་ཅན་དང་ལག་རྩལ་ཤེས་ལྡན་པ་སོགས་མི་ཐེངས་320ལྷག་ཙམ་སྔ་རྗེས་སུ་ཕན་ཚུན་དབར་མངགས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པའི་ཁར། གཞིས་རྩེའི་རྫོང་དང་ཤང་དང་གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན་694 ཆེད་ལས་ལག་རྩལ་མི་སྣ་928བཅས་ཧྲན་ཏུང་དུ་གསོ་སྦྱོང་ལ་མངགས་པར“མི་གཅིག་གསོ་སྦྱོང་བྱས་ནས་ས་ཁུལ་ཡུག་གཅིག་ལ་སྐུལ་ཁྲིད་ཐེབས་པའི”ཕན་འབྲས་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།